འཇར་མན་སྲིད་བློན་ལགས་སུ་འཚམས་འདྲི་མཛད།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཇར་མན་གྱི་སྲིད་བློན་ལྕམ་ཨེན་ཇི་ལ་མཱར་ཁིལ་ལགས་ལ་བསྐྱར་དུ་འོས་བསྡུའི་རྒྱལ་ཁ་ཐོབ་པར་འཚམས་འདྲིའི་གསུང་འཕྲིན་བསྩལ་གནང་ཡོད་འདུག

ཁ་སང་འཇར་མན་གྱི་སྲིད་བློན་ཨེན་ཇི་ལ་མཱར་ཁིལ་(Angela Merkel)ལགས་སུ་ཡུལ་དེའི་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ་པར་བརྟེན། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཚམས་འདྲིའི་གསུང་འཕྲིན་ཞིག་བསྩལ་གནང་ཡོད་པ་དང་། གསུང་འཕྲིན་ནང་དུ་སྐུ་ཉིད་ནི་འཆར་སྣང་ལྡན་པའི་ཐོག་ནས་སྤྱི་ཚོགས་ཀྱི་བརྟན་ལྷིང་རྒྱུན་སྐྱོང་གནང་ཐུབ་མཁན་གྱི་དབུ་ཁྲིད་ལྷག་བསམ་དང་ཧུར་བརྩོན་ཅན་ཞིག་ཡིན། ངོས་རང་ལ་མཚོན་ན་ཡུ་རོབ་སྤྱི་མཐུན་ཚོགས་པའི་སྒྲིག་འཛུགས་ལ་ཆེ་མཐོང་དང་གདེང་འཇོག་ཆེན་པོ་གནང་མཁན་ཞིག་ཡིན། སྤྱིར་སྒྲིག་འཛུགས་ཁོངས་ཀྱི་རྒྱལ་ཁབ་ཁག་གཅིག་ལོ་རྒྱུས་ཁྲོད་ཕན་ཚུན་དམག་འཐབ་བྱས་མྱོང་ཡོད་ཀྱང་། ད་ཆ་རྒྱལ་ཁབ་སོ་སོའི་སྒེར་གྱི་ཁེ་ཕན་ལས་སྤྱིའི་ཁེ་ཕན་གལ་ཆེ་བར་བརྩིས་ནས་སྤྱི་མཐུན་ཚོགས་པའི་སྒྲིག་འཛུགས་གཅིག་གི་འོག་འཆམ་མཐུན་ངང་གནས་ཐུབ་པའི་ལག་རྗེས་སུ་ལོ་ངོ་དྲུག་ཅུ་ཙམ་གྱི་རིང་ཞི་བདེ་བརྟན་ལྷིང་རྒྱུན་སྐྱོང་ཐུབ་པ་བྱུང་ཡོད། དེ་ནི་མིའི་རྣམ་དཔྱོད་ཡར་རྒྱས་ཕྱིན་པའི་མཚོན་རྟགས་ཤིག་ཡིན་སྟབས་དགའ་སྤོབས་བྱ་འོས་པ་ཞིག་ཡིན། ཞེས་གསུངས་འདུག

ཡང་གསུང་འཕྲིན་ནང་དུ། ངོས་ཀྱི་རེ་བར་མི་རིང་བར་ཡུ་རོབ་སྤྱི་མཐུན་ཚོགས་པའི་སྒྲིག་འཛུགས་ལྟ་བུ་ཞིག་ཨ་ཧྥི་རི་ཁ་གླིང་དང་ལྷོ་ཨ་མི་རི་ཀ། དེ་བཞིན་ཨེ་ཤ་ཡའི་གླིང་དུའང་འཛུགས་ཐུབ་པའི་རེ་བ་ཞུ་བཞིན་ཡོད། དེང་སྐབས་ཧ་ཅང་ཟང་ཟིང་ཆེ་བའི་དུས་འདིར་སྐུ་ཉིད་ཀྱིས་རང་གི་མི་མང་གི་རེ་བ་དང་མངོན་འདོད་སྒྲུབ་ཐུབ་པ་ཙམ་མ་ཟད། འཛམ་གླིང་ཞི་བདེ་བརྟན་ལྷིང་ལྡན་པ་ཞིག་སྐྲུན་ཆེད་མུ་མཐུད་འབད་བརྩོན་གནང་བཞིན་པ་དེར་ངོས་ཀྱིས་ཡི་རངས་བསྔགས་བརྗོད་ཤུགས་ཆེ་ཞུ་བཞིན་ཡོད། ཅེས་གསུངས་འདུག

འཇར་མན་སྲིད་བློན་ཨེན་ཇི་ལེ་མཱར་ཁིལ་ལགས་ནི། ཕྱི་ལོ་ ༡༩༥༤ ཟླ་༡ ཚེས་༡༧ ཉིན་འཇར་མན་ནུབ་མའི་ཧྰམ་བྷར་གྷི(Hamburg)ས་ཆར་སྐྱེས་ཤིང་། མོས་ཁོན་ཊོམ་རྫས་འགྱུར་རིག་པར་སློབ་སྦྱོང་གནང་སྟེ་ཕྱི་ལོ་ ༡༩༨༩ ལོར་བར་ཚན་རིག་པ་ཞིག་བྱས་ཏེ་ཞིབ་འཇུག་ལ་གཞོལ་ཡོད་པ་དང་། ཕྱི་ལོ་༢༠༠་ལོ་ནས་ཡུལ་དེའི་ཡི་ཤུ་དམངས་གཙོ་ལྷན་ཚོགས་(CDU)ཀྱི་དབུ་ཁྲིད་དང། ཕྱི་ལོ་༢༠༠༥ ནས་བཟུང་འཇར་མན་སྲིད་འཛིན་གྱི་རྒྱལ་ཁ་ཐོབ་སྟེ་ད་བར་ཡུལ་དེའི་སྲིད་བློན་གྱི་ཐུགས་འགན་འཁུར་གནང་ཡོད་པ་མ་ཟད། ཡོ་རོབ་སྤྱི་མཐུན་ཚོགས་པའི་མང་མོས་དབུ་ཁྲིད་དང་། རང་དབང་འཛམ་གླིང་ཚོགས་པའི་དབུ་ཁྲིད་ཀྱང་ཡིན་སྟབས། འཛམ་གླིང་གི་བུད་མེད་ཆེས་ནུས་སྟོབས་ཅན་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད་པ་རེད།

 གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༣/༡༦

Leave a Reply