བོད་རིཊ་བུ་མོར་དངུལ་གྱི་རྟགས་མ་གཉིས་ཐོབ།

ཐའེ་ལན་ཌིའི་ནང་འཚོགས་བཞིན་པའི་རྒྱལ་སྤྱིའི་ཁུ་ཚུར་དྲག་རྩལ་འགྲན་སྡུར་ཁྲོད་རྒྱ་གར་གྱི་རྩེད་འགྲན་པའི་མིང་ཐོག་ནས་བོད་རིགས་བུ་མོ་བསྟན་འཛིན་པདྨ་ལགས་ཀྱིས་ཁ་སང་དང་དེ་རིང་གཉིས་སུ་དངུལ་གྱི་རྟགས་མ་གཉིས་བླངས་ཡོད་འདུགཟླ་འདིའི་ཕྱི་ཚེས་ ༡༠ ཉིན་བསྟན་འཛིན་པདྨ་ལགས་ཀྱིས་མོ་རང་སྒེར་གྱི་ངོ་དེབ་ངོས་སུ་ཆེས་མཐའ་མཇུག་གི་ཉིན་དེ་སླེབས་སོང་། ང་རང་རྒྱལ་སྤྱིའི་ཁུ་ཚུར་རྩེད་འགྲན་ཆེད་དུ་འགྲོ་ཡི་ཡོད་ལ། ཧུར་བརྩོན་ཆེན་པོས་ཁྱེད་ཚོ་ཚང་མ་སྤོབས་པ་སྐྱེས་སུ་འཇུག་ཆོག ཁྱེད་ཚོས་རྒྱབ་སྐྱོར་དང་བརྩེ་བ་གནང་རྒྱུ་མ་བརྗེད་དང་། དེ་ཡིས་ང་ལ་ཆུ་ཚོད་རེ་རེར་ངར་ཤུགས་སྩོལ་གྱི་འདུག  རྒྱ་གར་ལ་རྒྱལ་ཁ་ཐོབ་ཀྱི་རེད་ལ་བོད་ལ་གཟི་མདངས་འཕྲོ་ཡི་རེད། ཅེས་བརྗོད་འདུག

ཁུ་ཚུར་དྲག་རྩལ་བ་བསྟན་འཛིན་པདྨ་ལགས་ཀྱིས་དེ་སྔོན་བཞུགས་སྒར་དྷ་རམ་ས་ལ་རུ་ཧིན་རྡུའི་སྐད་ཡིག་གསར་འགྱུར་ཁང་ཞིག་ཏུ་གསར་འགོད་པའི་ལས་ཀ་བྱས་ཡོད་པ་དང་། ཕྱིས་སུ་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་ཡོད་པའི་རྒྱ་གར་རྒྱལ་ཡོངས་ཁུ་ཚུར་དྲག་རྩལ་ཁང་( The National Boxer)ནང་འཛུལ་ཞུགས་ཀྱིས་སྦྱོང་བརྡར་གནང་ཡོད་འདུག

ཕྱི་ལོ་༢༠༡༦ ལོའི་རྒྱ་གར་རྒྱལ་ས་ལྡི་ལིར་མངའ་སྡེའི་བུད་མེད་ཀྱི་ཁུ་ཚུར་དྲག་རྩལ་འགྲན་བསྡུར་ཐེངས་བཞི་པའི་ཐོག་བསྟན་འཛིན་པདྨ་ལགས་ལ་གསེར་གྱི་རྟགས་མ་ཐོབ་ཡོད་པ་དང་། ལོ་དེའི་ཕྱི་ཟླ ༥ པར་ཁུ་ཚུར་དྲག་རྩལ་འགྲན་ཁྲོད་བསྐྱར་དུ་དངུལ་གྱི་རྟགས་མ་ཐོབ་ཡོད་པ་སོགས་རྒྱ་གར་གྱི་འགྲན་སྡུར་ཁག་ཅིག་ནང་མཉམ་ཞུགས་གནང་མྱོང་ཡོད་འདུག

ཁུ་ཚུར་དྲག་རྩལ་བ་བསྟན་འཛིན་པདྨ་ལགས་ནི་རྒྱ་གར་གྱི་དྲག་རྩལ་རྩེད་འགྲན་པའི་ཚབ་བྱས་ཏེ། རྒྱལ་སྤྱིའི་རྩེད་འགྲན་ནང་ཞུགས་མཁན་བོད་རིགས་བུད་མེད་མདའ་རྩལ་བ་བསོད་ནམས་དབྱངས་ཅན་ལགས་ཀྱི་རྗེས་ནས་བུད་མེད་གཉིས་པ་དེ་ཡིན་པ་དང་། པདྨ་ལགས་ཕྱི་ལོ་ ༢༠༢༠ ལོའི་ཉི་ཧོང་དུ་ཚོགས་འཆར་ཡོད་པའི་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཐོག་མཉམ་ཞུགས་ཐུབ་པའི་རེ་བ་དང་འཆར་གཞི་ཡོད་འདུག

བོད་རིགས་བུད་མེད་མདའ་རྩལ་བ་བསོད་ནམས་དབྱངས་ཅན་ལགས་ནི། བཙན་བྱོལ་བོད་མིའི་ཁྲོད་ནས་རྒྱ་གར་རྒྱལ་ཡོངས་དང་རྒྱལ་སྤྱི་རིམ་པའི་མདའ་རྩལ་འགྲན་སྡུར་ནང་ཐེངས་མང་ཞུགས་མྱོང་མཁན་དེ་ཡིན་པ་དང་། མོ་ཐོག་མར་ ༡༩༨༨ ལོར་ལ་དྭགས་ཡུལ་མིའི་མིང་ཐོག་ནས་ཀ་ལི་ཀ་ཏར་ཚོགས་པའི་ཨེ་ཤ་ཡའི་བུམ་པ་ཐེངས་ ༥ པའི་སྟེང་ཞུགས་ཡོད་པ་དང་། ༡༩༩༠ ལོར་ལྡི་ལིར་འཚོགས་པའི་རྒྱལ་སྤྱིའི་མཉམ་འབྲེལ་བུམ་པ། ༡༩༩༠ ལོར་པེ་ཅིན་ནས་འཚོགས་པའི་རྒྱལ་སྤྱིའི་བུམ་པ། ༡༩༩༠ ལོར་པོ་ལན་ཌིར་འཚོགས་པའི་འཛམ་གླིང་ཕུལ་བྱུང་མདའ་རྩལ་འགྲན་སྡུར་ཁྲོད་ཞུགས། ༡༩༩༠ ལོར་ཀ་ལི་ཀ་ཏར་འཚོགས་པའི་རྒྱལ་སྤྱིའི་མཉམ་འབྲེལ་མདའ་རྩལ་བུམ་པ་འགྲན་སྡུར་ཁྲོད་ཞུགས།

ཕྱི་ལོ་ ༡༩༩༡ ལོར་པེ་ཅིན་དུ་རྒྱལ་སྤྱིའི་མདའ་རྩལ་འདུ་འཛོམས་ནང་ཞུགས་པ་དང་། ༡༩༩༣ ལོར་ཀ་ལི་ཀ་ཏར་འཚོགས་པའི་རྒྱལ་སྤྱིའི་མཉམ་འབྲེལ་མདའ་རྩལ་བུམ་པ་རྩེད་འགྲན་ནང་ཞུགས། ༡༩༩༣ ལོར་ཊར་ཀི་ལ་འཛོམས་པའི་འཛམ་གླིང་ཕུལ་བྱུང་མདའ་རྩལ་འགྲན་སྡུར་ཐེངས་ ༣༧ པའི་སྟེང་ཞུགས། ༡༩༩༤ ལོར་པུ་ནེར་འཚོགས་པའི་རྒྱལ་ཡོངས་མདའ་རྩལ་འགྲན་སྡུར་ནང་ཞུགས། ༡༩༩༤ ལོར་ཧར་ཡ་ནའི་གྷུར་གྷོན་དུ་ཚོགས་པའི་རྒྱལ་ཡོངས་མཐོ་རིམ་ཕུལ་བྱུང་མདའ་རྩལ་འགྲན་སྡུར་ནང་ཞུགས་ཡོད་པ་རེད། བསོད་ནམས་དབྱངས་ཅན་ལགས་ཀྱིས་འགྲན་སྡུར་འདི་དག་གི་སྐབས་སུ་གསེར་གྱི་རྟགས་མ་ ༡༠ ལྷག་བླངས་ཡོད་པ་དང་། དེ་བཞིན་དངུལ་དང་ལི་མའི་རྟགས་མའང་ཐེངས་མང་བླངས་མྱོང་ཡོད་འདུག

ཕྱི་ལོ་ ༡༩༩༤ ལོར་བསོད་ནམས་དབྱངས་ཅན་ལགས་བོད་ཁྱིམ་སློབ་གྲྭའི་དགེ་རྒན་སྦྱོང་བརྡར་ནང་ཡིག་རྒྱུགས་ཀྱི་ལམ་ནས་འཛུལ་ཞུགས་བྱས་ཤིང་། སློབ་མཐར་ཕྱིན་རྗེས་ལ་དྭགས་བོད་ཁྱིམ་སློབ་གྲྭར་དགེ་རྒན་གནང་ཡོད་པ་དང་། ཕྱི་ལོ་༢༠༠༦ གི་ལོ་ནས་བཟུང་སུ་ཇ་བོད་ཁྱིམ་སློབ་གྲྭར་ཕེབས་ཏེ་ཨང་རྩིས་དགེ་རྒན་གནང་ཡོད་པ་རེད།

ཕྱི་ལོ་ ༢༠༠༨ ལོར་འདི་གའི་གསར་འགོད་པས་མོ་ལ་མདའ་རྩལ་གྱི་ཆེད་ལས་ནས་དགེ་རྒན་གྱི་ཕྱག་ལས་འདེམ་དོན་ཅི་ཡིན་དྲིས་སྐབས་མོས། གཙོ་བོ་ནི་རང་བཙན་མེད་པའི་ཁར་རྩེད་འགྲན་པ་གཞན་པ་བཞིན་མངའ་སྡེ་ཁག་སོ་སོའི་གཟིགས་སྐྱོང་མེད་པར་བརྟེན། མཐའ་མར་དགེ་རྒན་གྱི་ལས་འགན་འདི་བདམས་པ་ཡིན། ཞེས་བརྗོད་བྱུང་།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༣/༡༧

Leave a Reply