རྩོམ་པ་པོ་ལེ་ཨོ་འདས་གྲོངས་སུ་ཕྱིན།

རྒྱ་ནག་གཅིག་གི་ལམ་ལུགས་ལ་ཧུར་བརྩོན་བྱེད་མཁན་རྩོམ་པ་པོ་ལེ་ཨོ་ཀླད་པའི་སྐྲན་ནད་ཀྱིས་འདས་གྲོངས་སུ་ཕྱིན་ཡོད་འདུག

ཁ་སང་ཐའེ་ཝན་གྱི་རྩོམ་པ་པོ་དང་སྲིད་དོན་དཔྱད་བརྗོད་པ་ལེ་ཨོ(Lee Ao)ཀླད་པའི་སྐྲན་ནད་ཀྱི་རྐྱེན་པས་འདས་གྲོངས་སུ་ཕྱིན་ཡོད་འདུག ཁོ་ནི་ཐའེ་ཝན་རྒྱ་ནག་གི་བདག་དབང་ཁོངས་སུ་ཕྱིར་ལོག་དགོས་པའི་བསམ་ཚུལ་འདོན་མཁན་གཙོ་གྲས་ཤིག་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་བཙན་བྱོལ་བོད་མིར་གཞི་མེད་སྐྱོན་བརྗོད་སྣ་ཚོགས་བྱེད་མཁན་ཞིག་འདུག

ཁ་སང་རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་ཁང་གིས་ལེ་ཨོ་འདས་གྲོངས་སུ་ཕྱིན་པའི་གནས་ཚུལ་ཡོངས་བསྒྲགས་བྱས་པ་དང་། རྒྱ་ནག་ནང་དུ་ཆུ་ཚོད་ཁ་ཤས་རིང་མི་གྲངས་ས་ཡ་ ༧༥ ལྷག་གིས་སྤྱི་ཚོགས་དྲ་ལམ་ཁག་ཏུ་ཁོའི་སྐོར་ལ་ལྟ་བཤེར་དང་ཁོ་ལ་མྱ་ངན་སོགས་ཞུས་ཡོད་པ་དང་། རྒྱ་ནག་ནང་གི་དྲ་བརྙན་ཚགས་གསུམ་ཀུན་གྱིས་ཁོའི་སྐོར་ལ་ཆེད་སྒྲིག་ལེ་ཚན་སོགས་བཟོས་ཏེ་མྱ་ངན་རྗེས་དྲན་བྱས་ཡོད་འདུག

ལེ་ཨོ་ཡིས་དེ་སྔོན་བརྙན་ལམ་བརྒྱུད་བཙན་བྱོལ་བོད་མིར་སྡིགས་ར་ཐེངས་མང་བསྐུལ་ཡོད་པ་མ་ཟད། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ནོ་བྷེལ་ཞི་བདེའི་རྟགས་འབུལ་སྐབས། ཁོས་༧གོང་ས་མཆོག་ལ་ཞི་བདེའི་གཟེངས་རྟགས་ཕུལ་བ་ནི་ནོ་བྷེལ་གཟེངས་རྟགས་ལྷན་ཚོགས་ཀྱི་ཆེས་ངོ་ཚ་མེད་པའི་ནག་ཉེས་ཤིག་ཡིན་སྐོར་དང་། ༧གོང་ས་མཆོག་ནས་རྒྱུན་དུ་འགྲོ་བ་མིའི་ཐོབ་ཐང་དང་། བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་དགོས་སྐོར་གསུང་གི་ཡོད་པ་ནི་སྐྱག་རྫུན་ཆེན་པོ་ཞིག་ཡིན་སྐོར་སོགས་ཀྱི་མཚན་སྨད་མང་པོ་ཞུས་ཡོད་འདུག

ཡང་ཁོས། བོད་འདི་ལོ་ངོ་སྟོང་ཕྲག་ལྷག་གི་རིང་ལ་བྲན་གཡོག་ལམ་ལུགས་ཀྱི་མུན་ནག་འོག་འཚོ་དགོས་བྱུང་ཡོད་ཀྱང་། རྒྱ་ནག་གུང་ཁྲན་ཏང་གིས་བོད་ལ་བདེ་སྐྱིད་ཀྱི་ཉི་མ་ཤར་བཅུག་སྟེ། མུན་ནག་གི་དུས་རབས་མཇུག་རྫོགས་ཏུ་བཅུག་ཡོད་སྐོར་སོགས་རྒྱ་ནག་གཞུང་གི་འུར་སྒྲོག་རྣམས་རྒྱ་བསྐྱེད་ཐབས་མང་པོ་བྱས་ཡོད་འདུག

ལེ་ཨོ་འདས་གྲོངས་སུ་མ་ཕྱིན་ཡོངས་ཁྱབ་ཡི་གེ་ཞིག་བཏང་བའི་ནང་དུ། ངའི་མི་ཚེའི་ནང་མི་ཧ་ཅང་མང་པོ་ཞིག་ལ་སྡིག་དམོད་བྱས་ཡིན། མི་མང་པོ་ཞིག་གི་སེམས་སུ་རྨ་ཁ་བཟོས་ཏེ་ང་ལ་དགྲ་བོ་ཧ་ཅང་མང་པོ་ཡོད། ང་ལ་མི་ཚེ་འདིར་གྲོགས་པོ་མང་པོ་ཞིག་མེད། ང་རང་ངའི་ནང་མི་ཚོ་དང་གྲོགས་པོ་རེ་གཉིས་ཡོད་པར་ཧ་ཅང་དགའ། ང་ཚོས་མི་ཚེ་འདིར་ཆེས་བརྗེད་ཐབས་མེད་པའི་ཕྱིར་དྲན་མང་པོ་བཞག་མྱོང་། ཞེས་བརྗོད་འདུག

ལེ་ཨོ་ནི་ཕྱི་ལོ་༡༩༣༥ ཟླ་ ༤ པའི་ནང་རྒྱ་ནག་བྱང་ཤར་ཁུལ་ཧེ་ལོང་ཅང(Heilongjiang)དུ་སྐྱེས་པ་དང་། ཆུང་དུས་ནས་རྒྱ་ནག་པེ་ཅིང་དུ་ཡོང་སྟེ་སློབ་སྦྱོང་བྱས་རྗེས། ཕྱི་ལོ་༡༩༤༩ ལོ་ནང་མི་དང་བཅས་ཐའེ་ཝན་ནང་གནས་སྤོར་བྱས། ཕྱི་ལོ་༡༩༦༠ ལོ་ནས་ཐའེ་ཝན་ནང་(Wenxing Magazine)ཞེས་པའི་དུས་དེབ་ཅིག་བཏོན་ནས་དེའི་སྤྱི་ཁྱབ་རྩོམ་སྒྲིག་པ་བྱས་ཡོད་པ་དང་། དུས་དེབ་དེ་ནི་དམངས་གཙོ་དང་མི་སྒེར་རང་དབང་གི་སྐོར་ནས་ཡིན་ཡང་། ཁོས་ཆབ་སྲིད་ཀྱི་གནད་དོན་མང་པོ་ཞིག་གླེང་སློང་དང་གོ་མན་ཏང་སྲིད་གཞུང་ལ་སྐྱོན་བརྗོད་ཁག་ཅིག་བྱས་སྟབས། ཕྱི་ལོ་༡༩༧༠ ལོ་ནས་ ༡༩༨༢ བར་སྔ་གཞུག་ཏུ་ཁྱོན་ལོ་ངོ་ ༨ རིང་བཙོན་ཁང་དུ་འདུག་དགོས་བྱུང་།

ཕྱིས་སུ་ཀློད་གྲོལ་ཐོབ་རྗེས་སྔར་བཞིན་དུས་དེབ་དེའི་རྩོམ་སྒྲིག་པ་བྱས་ཡོད་པ་དང་། ཁོ་ནི་རྒྱ་ནག་གི་ལོ་རྒྱུས་རིག་པ་བ་ཞིག་དང་རྩོམ་པ་པོ་ཞིག་ཀྱང་ཡིན་པས་བརྩམས་ཆོས་མང་པོ་ཡོད་ཀྱང་། ཕྱི་ལོ་ ༡༩༩༡ ལོའི་ནང་ཁོའི་དེབ་མང་པོ་ཞིག་ཐའེ་ཝན་ནང་འཚོང་འགྲེམས་བཀག་སྡོམ་བྱས་ཡོད་འདུག ཁོའི་བརྩམས་སྒྲུང་རྒྱ་ཡིག་ནང་པེ་ཅིན་ཧྥ་ཡན་དགོན་པའམ་དབྱིན་ཡིག་ཏུ་(Martyrs’ Shrine) ཞེས་པ་ཕྱི་ལོ་༢༠༠༠ ལོའི་ནོ་བྷེལ་རྩོམ་རིག་འོས་ཁོངས་སུ་ཚུད་པ་དང་། ལོ་དེར་ཁོ་ཐའེ་ཝན་སྲིད་འཛིན་འོས་མིའི་ཁོངས་སུའང་ཞུགས་ཡོད་པ་དང་། ཁོ་ནི་ཐའེ་ཝན་རྒྱ་ནག་ལ་ཕྱིར་ལོག་དགོས་པའི་བསམ་ཚུལ་འདོན་མཁན་གཙོ་གྲས་ཤིག་ཡིན་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༣/༡༩

Leave a Reply

4 thoughts on “རྩོམ་པ་པོ་ལེ་ཨོ་འདས་གྲོངས་སུ་ཕྱིན།

  1. གཞུང་པ་ཚེ་དབང་བསོད་ནམས་།

    གོང་ས་མཆོག་ལ་མཚན་སྨད་ཞུ་མཁན་ཕྱི་ནང་གི་མི་རིགས་སུ་ཡིན་ཡང་ལས་དང་སྨོན་ལམ་ལོག་པའི་དམ་སྲི་ཡིན་པ་ངོས་འཛིན་དང་བཅས་།
    ཁམས་གསུམ་སེམས་ཅན་བསད་ལས་སྡིག་ཆེ་བ་།
    བྱང་ཆུབ་སེམས་པ་རྣམས་ལ་བཀུར་བ་བཏབ་།
    དོན་མེད་སྡིག་ཆེན་བསགས་པ་མཐོ་ལོ་བཤགས་།
    སྡིག་ཆེན་ཁྱོད་ཨོམ་མ་ཎི་པདྨེ་ཧུང་ཧྲི་་་་་་་་་་ཧྲི་།

  2. ཁུངས་ལུང་མེད་པའི་ཧམ་རྩོམ་རྒྱག་གིས་བསྡད་ན་་་ ཀླད་པ་ལ་ སྐྲན་ནད་ཕོག་དང་ཕོག ལས་ངན་་་ སྙིང་རྗེ། ཨོཾ་མ་ཎི་པདྨེ་ཧཱུཾ།