གཏེར་ཁ་བསྔོག་པར་མོས་མཐུན་མེད་པའི་བོད་མི་ཞིག་འཛིན་བཟུང་བྱས།

འབྲི་རུའི་སེབ་ཁྲ་རྫ་རྒན་ནས་གཏེར་ཁ་སྔོག་འདོན་བྱེད་འཆར་ཡོད་པ་དེར་མོས་མཐུན་གྱི་མིང་རྟགས་མ་བཀོད་པའི་གྲོང་ཚོའི་མགོ་འཁྲིད་ཅིག་རྒྱ་གཞུང་གིས་འཛིན་བཟུང་བྱས་ཡོད་འདུག

ཕྱི་ལོ་ ༢༠༡༧ ལོའི་ལོ་སྨད་ཙམ་ནས་བཟུང་རྒྱ་ནག་གཞུང་གིས་འབྲི་རུའི་སེབ་ཁྲ་རྫ་རྒན་ནས་གཏེར་ཁ་སྔོག་འདོན་བྱེད་པའི་འཆར་གཞི་བཟོས་ཏེ། རི་འདབས་སུ་རླངས་འཁོར་ལམ་ཀ་བཟོས་པ་མ་ཟད། དམར་སྐོར་གྲོང་ཚོ་གཙོ་བོར་གྱུར་བའི་ཉེ་འགྲམ་གྱི་གྲོང་ཚོ་ཁག་གི་ཡུལ་མི་ཚོར་བཙན་གྱིས་མོས་མཐུན་ཡོད་པའི་མིང་རྟགས་འགོད་དུ་བཅུག་ཡོད་པ་དང་། མིང་རྟགས་མ་བཀོད་པ་ཡིན་ན་འགྲོ་ས་གཅིག་ལས་མེད་པའི་འཇིགས་སྐུལ་ཡང་བྱས་ཡོད་འདུག དམར་སྐོར་གྲོང་ཚོའི་མགོ་འཁྲིད་ཀརྨ་ཞུ་བ་ཞིག་གིས། གནས་རི་དེ་རྩ་ཆེན་ཞིག་ཡིན་པས་ནགས་ཤོད་འབྲི་རུའི་དཔོན་ཆེན་བསྟན་འཛིན་དང་རག་སྡིས་གཉིས་མོས་མཐུན་ཡོད་པའི་མིང་རྟགས་འཁྱེར་ཡོང་ན་མ་གཏོགས་མོས་མཐུན་བྱ་རྒྱུ་མིན་སྐོར་བརྗོད་པར་བརྟེན། ཁོང་འཛིན་བཟུང་བྱས་ཡོད་འདུག

ཡུལ་མིས་བརྗོད་ན། གཏེར་ཁ་སྔོག་པའི་འཆར་གཞི་དེ་རྒྱ་ནག་དབུས་གཞུང་ནས་བཀའ་བཀོད་བཏང་བ་ཞིག་ཡིན་མིན་གསལ་པོ་མི་ཤེས་ཀྱང་། ལམ་ཐིག་རྒྱག་མཁན་གྱི་གྲས་སུ་འབྲི་རུ་རྫོང་གི་གནད་ཡོད་མི་སྣ་ཡོད་པ་དང་། ཟླ་འདིའི་ཕྱི་ཚེས་ ༥ ཙམ་ནས་བཟུང་རྒྱ་སྒར་རྒྱག་ཆེད་རི་ཐང་དུ་དར་དམར་ཆུང་ཆུང་ཧ་ཅང་མང་པོ་བཙུགས་ཡོད་པ་དང་། གནས་རི་དེར་གཏེར་ཁ་སྔོག་འདོན་བྱས་ཚེ། གནས་རིའི་རི་དྭགས་གནའ་བ་དང་རྒོ་བ་སོགས་རྩ་མེད་དུ་འགྲོ་རྒྱུ་དང་། གཡས་ཀྱི་བྲག་དཀར་རྫ་རི་དེ་ཉིལ་རྒྱུའི་ཉེན་ཁ་ཡོད་པ་དང་། རི་ཉིལ་ན་ཆུ་བཀག་དེ་ཡུལ་ལུང་ལ་གནོད་སྐྱོན་ཆེན་པོ་ཡོང་རྒྱུ་ཡིན་འདུག

སེབ་ཁྲ་རྫ་རྒན་ནི་ནགས་ཤོད་འབྲི་རུའི་བྱང་ཕྱོགས་ཀྱི་གནས་རི་རྩ་ཆེན་ཞིག་ཡིན་ཞིང་། འབྲོང་ངུར་ཆོས་རྗེའི་གསང་བ་གསུམ་གྱི་གནས་མཆོག་ཏུ་གྲགས་པའི་གནས་གསུམ་གྱི་ཡ་གྱལ་ཞིག་ཡིན་པ་དང་། གནས་རི་དེ་ལ་བན་བོན་གཉིས་ཀྱི་ཆོས་ལུགས་དང་འབྲེལ་བའི་ལོ་རྒྱུས་མང་པོའི་གནའ་ཤུལ་དང་། རང་བྱུང་ཁམས་ཀྱི་བཀོད་པ་ལེགས་པོ། རྩ་ཆེའི་རི་དྭགས་མང་པོ་གནས་སྡོད་བྱས་ཡོད་པའི་གནས་ཆེན་ཞིག་ཡིན་འདུག

བསྐྱར་བཅོས།: ༢༠༡༨/༠༣/༢༠

Leave a Reply

One thought on “གཏེར་ཁ་བསྔོག་པར་མོས་མཐུན་མེད་པའི་བོད་མི་ཞིག་འཛིན་བཟུང་བྱས།

  1. ཕྲིན་ལས་སྐལ་བཟང་ལགས་ཀྱི་བོད་ནང་དཀའ་ངལ་ག་ཚོད་འཕྲད་ཀྱིས་ཡོད་མེད་ཧ་གོ་མེད་པ་འདྲ།ཧ་གོ་ན་ད་ཕྲིན་སྐལ་ལགས་ཀྱི་སྣེ་ཁྲིད་ནས་་པེ་ཅིན་སྲིད་གཞུང་ལ་ངོ་རྒོལ་བྱེད་དགོས་པའི་དུས་ལ་བབ་བཞག
    ཡང་འགྲོ་སར་འགྲོ་ཡི་མ་རེད་བ།ཧ་ཧ་ཧ་ཧ་ཧ་ཧ་ཧ་