དེ་རིང་གྲོས་ཚོགས་ཚོགས་དུས་ལྔ་པའི་ལས་ཉིན་ ༧ པའི་སྔ་དྲོར་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་དུ་འབུམ་རམས་པ་པདྨ་དབྱངས་ཅན་ལགས་མང་མོས་བདམས་ཐོན་བྱུང་སོང་།
སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ལྔ་པའི་ལས་ཉིན་ ༧ པའི་སྔ་དྲོར། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་འོས་མིར་འབུམ་རམས་པ་པདྨ་དབྱངས་ཅན་ལགས་མཚན་འདོན་གནང་སོང་བ་དང་། སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་ནས་འོས་བླུག་དགོས་པའི་དགོངས་འཆར་བཏོན་པ་ལྟར། ངོ་བཅར་སྤྱི་འཐུས་ ༤༤ ནས་འོས་བླུགས་ཏེ། འོས་ཤོག་སྟོང་པ་ ༣ དང་། རྒྱབ་སྐྱོར་མེད་མཁན་སྤྱི་འཐུས་ ༡༥ ། རྒྱབ་སྐྱོར་གནང་མཁན་སྤྱི་འཐུས་ ༢༦ བྱུང་སྟེ། འབུམ་རམས་པ་པདྨ་དབྱངས་ཅན་ལགས་ཤེས་རིག་བཀའ་བློན་དུ་མང་མོས་འོས་འདེམས་གནང་སོང་བ་དང་། ཁོང་གིས་མི་ལོ་ ༢༠ ལྷག་རིང་ཤེས་ཡོན་ཐོག་ཕྱག་ལས་གནང་མྱོང་ཡོད་འདུག
ཕྱི་ལོ་༡༩༩༦ ལོར་མཱ་དྷ་ར་སིའི་གཙུག་ལག་སློབ་གཉེར་ཁང་ནས་དགེ་རྒན་འོས་སྦྱོང་ཐོན་རྗེས། སུ་ཇྰ་བོད་ཁྱིམ་སློབ་གྲྭའི་ནང་དབྱིན་དགེའི་ཕྱག་ལས་གནང་ཡོད་འདུག ཕྱི་ལོ་༢༠༠༣ ལོར་ཨ་རིའི་ལོ་ཝ་(Iowa)གཙུག་ལག་སློབ་གཉེར་ཁང་ནས་ཤེས་ཡོན་ཐོག་གཙུག་ལག་རབ་འབྱམས་པ་དང་། ཕྱི་ལོ་༢༠༠༩ ལོར་གཙུག་ལག་སློབ་ཁང་དེ་ནས་ཤེས་ཡོན་ཐོག་འབུམ་རམས་པ་ཐོན་ཡོད་འདུག ཕྱི་ལོ་༢༠༡༡ ལོར་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་དགེ་རྒན་སློབ་གསོ་གོང་འཕེལ་ཐོག་ཉམས་ཞིབ་ཀྱི་དཔྱད་རྩོམ་བྲིས་པར་གཟེངས་སུ་ཐོན་པའི་བྱ་དགའ་ཐོབ་ཡོད་འདུག་པ་དང་། ཕྱི་ལོ་༢༠༠༣ ནས་༢༠༠༩ བར་ཨ་རིའི་གཙུག་ལག་སློབ་གཉེར་ཁང་དེར་སློབ་སྦྱོང་བྱེད་ཞོར་དུ། ཤེས་ཡོན་སློབ་ཚན་དང་འབྲེལ་བའི་ཉམས་ཞིབ་གནང་ཡོད་འདུག ཕྱི་ལོ་༢༠༠༩ ནས་༢༠༡༦ བར་བྷིང་ལོར་ཏཱ་ལའི་བླ་མའི་མཐོ་རིམ་སློབ་གཉེར་ཁང་དུ་སློབ་སྤྱི་གཞོན་པའི་འགན་འཁུར་བའི་ཐོག དབྱིན་ཡིག་སློབ་འཁྲིད་དང་ཤེས་ཡོན་ཚན་པའི་འགན་འཛིན་བཅས་གཅིག་ལྕོགས་སུ་གནང་ཡོད་འདུག