ལྐོག་ཟ་རུལ་སུངས་ལ་དུས་ཡུན་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ།

རྒྱ་གར་གྱི་སྤྱི་ཚོགས་ལས་འགུལ་བ་དང་ལྐོག་ཟ་རུལ་སུངས་ལ་ངོ་རྒོལ་བ་ཨ་ནཱ་ཧ་ཛ་རི་ཡིས་མུ་དྷི་གཞུང་ལ་ལོ་ངོ་བཞིའི་རིང་ཞུ་འཕྲིན་ ༤༣ བསྐུར་ཡང་ལན་གཅིག་ཀྱང་འབྱོར་མ་བྱུང་ཞེས་ངོ་རྒོལ་བྱེད་ཀྱི་འདུག

ཁ་སང་ཕྱི་ཚེས་ ༢༣ ཉིན་རྒྱ་གར་རྒྱལ་ས་ལྡི་ལིའི་རམ་ལི་ལཱ་མེ་ཌན་(Ram Lila Maidan)དུ། རྒྱ་གར་གྱི་སྤྱི་ཚོགས་ལས་འགུལ་བ་དང་ལྐོག་ཟ་རུལ་སུངས་ལ་ངོ་རྒོལ་བ་ཨ་ནཱ་ཧ་ཛ་རི་(Anna Hazare) ཡིས། དེ་སྔོན་ཁོང་གིས་རྒྱ་གར་གཞུང་ལ་བསམ་འཆར་བཏོན་པ་ལྟར། རྒྱ་གར་དབུས་གཞུང་གིས་སྤྱི་མང་ཚབ་མཚོན་གྱི་ཁྲིམས་འཛིན་ལྟ་སྐུལ་བ་སྟེ་ལཱོཀ་པལ་(Lokpal)ཆེད་བསྐོས་དགོས་པ་དང་། མངའ་སྡེ་གཞུང་ནང་མི་མང་གི་ཐད་བསྐོས་ཁྲིམས་འཛིན་ལྟ་བཤེར་ཚོགས་པ་སྟེ་ལོག་ཡོག་ཊེ་སི་ (Lokayuktas)ཞེས་པ་འཛུགས་དགོས་པའི་དགོས་འདུན་འོག་བསྐྱར་དུ་དུས་ཡུན་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་ཞིག་མགོ་འཛུགས་བྱས་ཡོད་པ་དང་། ལས་འགུལ་དེའི་ནང་མི་མང་སྟོང་ཕྲག་མང་པོ་མཉམ་ཞུགས་བྱས་ཡོད་སྟབས། ལྡི་ལིའི་ཉེན་རྟོག་ཕྱོགས་ནས་ས་ཚིགས་ཁག་ཅིག་ཏུ་ཟིང་ཆ་བསླང་སྲིད་པས་མི་མང་ལ་ཡིད་གཟབ་དགོས་པའི་ཉེན་བརྡ་བཏང་འདུག

ཨ་ནཱ་ཧ་ཛ་རིའི་ལས་རོགས་ཤིག་གིས་དང་པོ་ཁོང་ཚོ་བདག་ཉིད་ཆེན་མོ་གན་དྷིའི་རྗེས་དྲན་འདྲ་སྐུའི་མདུན་དུ་ཕྱིན་ཏེ་ཁོང་ལ་རྗེས་དྲན་ཞུས་ཡོད་པ་དང་། དེ་རིང་གི་ཉིན་མོ་འདི་བདམས་ནས་དུས་ཡུན་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་བྱེད་དགོས་པའི་རྒྱུ་མཚན་ནི། ཉིན་འདིར་དབྱིན་ཇིའི་གཞུང་གིས་རྒྱ་གར་གྱི་སྤྱི་ཚོགས་ལས་འགུལ་བ་དང་རང་དབང་འཐབ་རྩོད་པ་བྷ་གྷ་ཊི་སིང་(Bhagat Singh)དང་(Rajguru)རཱ་ཇི་གྷུ་རུ། སོ་ཁྰ་དྷེ་ཝི(Sukhdev)སོགས་བསད་པའི་ཉིན་མོར་འཁེལ་ཡོད་པས་ཡིན། ཞེས་བརྗོད་འདུག

ཨ་ནཱ་ཧ་ཛ་རི་ཡིས། ཁོང་གིས་མུ་དྷི་གཞུང་སླེབས་པ་ནས་ལོ་ངོ་བཞིའི་རིང་ལ་ཞུ་འཕྲིན་༤༣ བསྐུར་ཡོད་ཀྱང་། ད་ལྟ་བར་དུ་ལན་གཅིག་ཀྱང་འབྱོར་མེད་སྟབས། ཐེངས་འདིའི་ཟས་བཅད་ངོ་རྒོལ་བརྒྱུད་མུ་དྷི་གཞུང་ལ་གྲོས་མོལ་ཡོང་ཐབས་བྱེད་ཀྱི་ཡོད་ལ། སྲིད་གཞུང་གིས་དོན་དངོས་དང་མཐུན་པའི་ཁྲིམས་འཆར་ལག་ལེན་མ་བསྟར་བར་དུ་ཟས་བཅད་ངོ་རྒོལ་མུ་མཐུད་རྒྱུ་ཡིན་སྐོར་བརྗོད་འདུག

ཕྱི་ལོ་༢༠༡༡ ལོར་ཨ་ནཱ་ཧ་ཛ་རི་ཡིས་རྒྱ་གར་གཞུང་གིས་ལྐོག་ཟ་རུལ་སུངས་སྔོན་འགོག་གི་ཁྲིམས་གཞི་བསྐྱར་ཏུ་གཏན་འབེབས་ཀྱིས་དམིགས་བསལ་དབང་ཆ་ཡོད་པའི་ཚོགས་ཆུང་གསར་པ་ཞིག་འཛུགས་དགོས་པ་དང་། ཚོགས་ཆུང་དེས་རྒྱལ་ཁབ་ཀྱི་ཁྲིམས་ཁང་དང་། སྲིད་བློན་ལས་ཁུངས་ལའང་ཞིབ་འཇུག་གི་འགན་དབང་སྤྲོད་དགོས་པའི་དགོས་འདུན་བཏོན་དེ་དུས་ཡུན་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་བྱས་ཡོད་པ་དང་། སྐབས་དེར་ཁོང་གིས་ངོ་རྒོལ་བྱེད་སའི་གཞུང་འཛིན་ཚོགས་པ་དེ་ཀོང་རི་སི་ཡིན་པ་རེད།

ཕྱི་ལོ་༢༠༡༡ ལོའི་ཁོང་གི་ཟས་བཅད་ངོ་རྒོལ་སྐབས་རྒྱ་གར་གྲོས་ཚོགས་ནང་ལྐོག་ཟ་རུལ་སུངས་འགོག་ཐབས་ཀྱི་གྲོས་ཆོད་ཅིག་བཞག་ཡོད་ན་ཡང་། ཨ་ནཱ་ཧ་ཛ་རི་དང་ཆོས་དཔོན་རམ་ཌེ་ཝ་གཉིས་གཙོས་རྒྱ་གར་ཡུལ་མི་ཁྲི་ཕྲག་མང་པོས་རྒྱ་གར་གྱི་ལྐོག་ཟ་རུལ་སུངས་ལ་ངོ་རྒོལ་དང་། རུལ་སུངས་སྔོན་འགོག་གི་ཁྲིམས་འཆར་ཞིག་ཕུལ་བ་དེ་ཇི་བཞིན་གཏན་འབེབས་བྱུང་མེད་པ་དང་། ཁྲིམས་འཆར་དེ་ནི་གཞུང་གིས་ཁས་ལེན་བྱས་པ་ལྟར་བཟོས་པ་ཞིག་ཆགས་ཡོད་ཀྱང་། གཏན་འབེབ་ནང་སྲིད་བློན་དང་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་དཔོན་སོགས་གནད་ཡོད་དཔོན་རིགས་ཁག་ཅིག་ལ་དོགས་གཞི་བྱུང་ཚེ་ཁྲིམས་བཤེར་བྱ་ཆོག་པའི་རིགས་ཁ་གསལ་བཟོས་མེད་སྟབས། གལ་ཏེ་མི་སྣ་དེ་དག་གིས་ལྐོག་ཟ་རུལ་སུངས་བྱས་པ་ཡིན་ན། གསར་དུ་བཟོས་པའི་ཁྲིམས་གཞི་དེས་ནུས་པ་འདོན་ཐུབ་ཀྱི་མེད་པར་བརྟེན། ལོ་དེར་བསྐྱར་དུ་ཨ་ནཱ་ཧ་ཛ་རི་དང་ཁོང་གི་རྒྱབ་སྐྱོར་བ་ཚོས་གཏན་འབེབ་ཟིན་པའི་ཁྲིམས་གཞི་དེར་བསྐྱར་བཅོས་དགོས་ཞེས་དུས་ཚོད་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་བྱས་ཡོད་པ་རེད།

སྤྱི་ཚོགས་ལས་འགུལ་བ་དང་ལྐོག་ཟ་རུལ་སུངས་འགོག་རྒོལ་བ་ཨ་ནཱ་ཧ་ཛ་རི་ནི་ད་ལོར་དགུང་ལོ་༨༠ ཡིན་ཞིང་། ཁོང་དེ་སྔོན་རྒྱ་གར་གྱི་དྲག་ཆས་དམག་མི་ཞིག་ཡིན་འདུག ཕྱི་ལོ ༡༩༦༥ ལོའི་རྒྱ་གར་དང་པ་ཀི་སི་ཐན་དམག་འཁྲུག་སྐབས་ས་མཚམས་བརྟན་སྲུང་དྲག་ཆས་དམག་དཔུང་ཁུངས་སུ་ཞུགས་ཡོད་པ་རེད། ཁོང་གིས་ལྐོག་ཟ་རུལ་སུངས་གཅིག་པུར་ངོ་རྒོལ་བྱས་པ་མ་ཡིན་པར་དེ་སྔོན་རྒྱ་གར་གཞུང་གིས་གྲོང་གསེབ་ཁུལ་ཡར་རྒྱས་གཏོང་དགོས་པའི་ལས་འགུལ་སོགས་ཀྱང་སྤེལ་མྱོང་ཡོད་འདུག ཕྱི་ལོ་༡༩༩༢ ལོར་ཁོང་ལ་རྒྱ་གར་གཞུང་གི་ཆེས་མཐོའི་གཟེངས་རྟགས་གསུམ་པ་(Padma Bhushan) ཞེས་པ་ཐོབ་ཡོད་པ་དང་། ཕྱི་ལོ་༢༠༡༡ ལོར་ཁོང་གིས་ལྐོག་ཟ་རུལ་སུངས་ལ་ངོ་རྒོལ་བྱས་ཏེ་མི་མང་སྟོང་ཕྲག་མང་པོས་རྒྱབ་སྐྱོར་ཐོབ་ཡོད་སྟབས། ལོ་དེར་རྒྱ་གར་དང་རྒྱལ་སྤྱིའི་དུས་དེབ་མང་པོའི་ནང་ལོ་འཁོར་གྱི་གྲགས་ཆེན་མི་སྣའི་གྲས་སུ་བདམས་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༣/༢༤

Leave a Reply

2 thoughts on “ལྐོག་ཟ་རུལ་སུངས་ལ་དུས་ཡུན་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ།

  1. གཞུང་པ་ཚེ་དབང་བསོད་ནམས་།

    ལྐོག་ཟ་རུལ་སྲུངས་ཆབ་སྲིད་མི་སྣའི་ཕ་གཞིས་ལ་།
    དེ་ལ་ངོ་རྒོལ་ཁ་གཏད་བྱེད་མཁན་སྙིང་རེ་རྗེ་།
    ཆབ་སྲིད་མི་སྣ་ཤོག་སྒྲིལ་ཕྱོགས་ཞེན་འོག་།
    ཞི་བའི་མི་མང་ཉམས་ཆུང་ཉིན་ལྟོ་རག་ལ་དཀའ་།

  2. སྲས་སྐུ་ངོ་།

    ཨན་ནཱ་ཧཱ་ཛ་རེ་ལགས་ཀྱིས་མི་ཚེ་གང་པོར་ལྐོག་ཟ་རུལ་སུངས་ལ་ཟས་བཅད་ངོ་རྒོལ་བྱས་ཏེ་བསྐྱེལ་སོང་།རྒྱ་གར་གྱི་ཆབ་སྲིད་པ་ཚང་མ་ལྐོག་ཟ་རུལ་སུངས་ཡིན་པས་ཁོང་གི་ཟས་བཅད་ངོ་རྒོལ་ནི་རྒྱ་མཚོ་ནང་རྡོ་གཡུག་པ་དང་གཅིག་མཚུངས་རེད།