གད་སྙིགས་འབོར་ཆེན་བསགས་པའི་ཞི་བདེ་རྒྱ་མཚོ།

ཞི་བདེ་རྒྱ་མཚོའི་ཁུལ་གྱི་གད་སྙིགས་ཁྱབ་ཚད་ཧྥ་རན་སི་དང་འཇར་མན། སི་པིན་བཅས་རྒྱལ་ཁབ་གསུམ་གྱི་སྤྱིའི་རྒྱ་ཁྱོན་ལས་ཀྱང་བརྒལ་ཡོད་སྐོར་བསྒྲགས་འདུགཞི་བདེ་རྒྱ་མཚོའི་གད་སྙིགས་གཙང་བཤེར་ཚོགས་པས་ཞིབ་འཇུག་གྲུབ་དོན་ཡོངས་བསྒྲགས་པ་ལྟར་ན། ཞི་བདེ་རྒྱ་མཚོའི་ནང་གད་སྙིགས་དང་ལྷག་པར་དུ་འགྱིག་ཤོག་རིགས་ལོ་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད་པ་མ་ཟད། ཨ་རིའི་མངའ་སྡེ་ཧྰ་ཝེ(Hawaii) དང་ཁྰ་ལེ་ཧྥོ་ནེ་ཡ་(California) བར་གྱི་གད་སྙིགས་ཧ་ཅང་འབོར་ཆེན་པོར་གྱུར་དེ་ཉེན་ཚབས་ཆེན་པོ་ཆགས་ཡོད་སྐོར་བརྗོད་འདུག

ཞི་བདེ་རྒྱ་མཚོའི་གཙང་བཤེར་ཞིབ་འཇུག་ཚོགས་པས། ཞི་བདེ་རྒྱ་མཚོའི་གད་སྙིགས་ཀྱི་ཁྱབ་ཚད་སྤྱི་ལེ་གྲུ་བཞི་མ་ཁྲི་ ༡༦༠ ཡིན་པ་དང་། དེ་ནི་ཧྥ་རན་སི་དང་འཇར་མན། སི་པེན་བཅས་རྒྱལ་ཁབ་གསུམ་བསྡོམས་པའི་སྤྱིའི་རྒྱ་ཁྱོན་ལས་ཀྱང་བརྒལ་ཞིང་། གད་སྙིགས་ཀྱི་ལྗིད་ཚད་ཁྱོན་ཏུན་ཁྲི་༨ ལས་བརྒལ་ཏེ་འགྲུལ་སྐྱེལ་གནམ་གྲུ་ ༥༠༠ ཡི་ལྗིད་ཚད་དང་གཅིག་མཚུངས་ཆགས་ཡོད་སྟབས། གད་སྙིགས་ཀྱིས་ལོ་རེར་རྒྱ་མཚོའི་སྲོག་ཆགས་བསད་པའི་གྲངས་ཚད་ནི་ཚོད་དཔག་དཀའ་བ་ཞིག་ཆགས་ཀྱི་འདུག ཅེས་བརྗོད་འདུག

དེ་བཞིན་ཞི་བདེ་རྒྱ་མཚོ་གཙང་བཤེར་ཚོགས་པ་གསར་འཛུགས་གནང་མཁན་སྐུ་ཞབས་བྷོ་ཡྰན་སི་ལྰ་ཊི(Boyan Slat) ཡིས། ང་ཚོས་གད་སྙིགས་གཙང་སེལ་བཟོ་དགོས་ན་ཐོག་མར་གད་སྙིགས་ཀྱི་སྐོར་ལ་ངེས་ཤེས་ཡོང་དགོས་རྒྱུ་གལ་ཆེན་རེད་འདུག ད་ལྟ་ཡོད་བསྡད་པའི་གད་སྙིགས་ལ་མཚོན་ན་ཡག་པོའི་ཆ་དང་ངན་པའི་ཆ་གཉིས་འདུག ངན་པའི་ཆ་དེ་གད་སྙིགས་གྲངས་ཚད་བསམ་ཡུལ་ལས་འདས་པ་མང་པོ་ཆགས་ཡོད་པ་དང་། ཡག་པོའི་ཆ་དེ་གད་སྙིགས་དང་ལྷག་པར་དུ་འགྱིག་རིགས་རྣམས་ཆུའི་ངོ་བོར་འཐིམས་མེད་པར་ད་དུང་གད་སྙིགས་རང་གི་ངོ་བོར་བསྡད་ཡོད་པས། གཙང་བཟོ་བྱས་ན་འགོར་འགྱངས་ཕྱིན་མི་འདུག ཅེས་བརྗོད་ཡོད་པ་རེད།

ཕྱི་ལོ་ ༢༠༡༧ ལོར་བཏོན་པའི་ཁོར་ཡུག་སྙན་ཐོ་ཞིག་ཏུ་འཛམ་གླིང་ནང་འགྱིག་རིགས་གད་སྙིགས་ཆེས་མང་བའི་རྒྱལ་ཁབ་ཁག་ཅིག་མིང་འདོན་བྱས་པའི་ནང་། ཨ་རི་ནི་འཛམ་གླིང་གི་འགྱིག་རིགས་གད་སྙིགས་བཟོ་མཁན་ཨང་དང་པོ་དང་། གཉིས་པ་ཨུ་རུ་སུ། གསུམ་པ་ཉི་ཧོང་། བཞི་པ་འཇར་མན། ལྔ་པ་དབྱིན་ཇི་བཅས་ཡིན་པ་དང་། རྒྱལ་ཁབ་དེ་དག་གིས་གད་སྙིགས་གཙང་བཟོའི་ལས་གཞི་རྒྱ་ཆེར་སྤེལ་གྱི་ཡོད་ན་ཡང་། དཔལ་འབྱོར་ཡར་རྒྱས་ཆེད་བཟོ་གྲྭ་ཁང་མང་པོ་བརྒྱབ་པར་བརྟེན་འགྱིག་ཤོག་རིགས་ཀྱི་ཐོན་སྐྱེད་ཤུགས་ཆེར་ཕྱིན་ཡོད་འདུག རྒྱལ་ཁབ་མང་པོའི་ནང་དུ་འགྱིག་རིགས་ཐོན་སྐྱེད་དང་འགྱིག་གི་ཁུག་མ་བེད་སྤྱོད་མི་ཆོག་པའི་ཁྲིམས་གཞི་གཏན་འབེབ་དང་བཀག་འགོག་བྱེད་ཀྱི་ཡོད་ན་ཡང་། འཛམ་གླིང་ཡོངས་སུ་ལོ་རེའི་འགྱིག་རིགས་ཐོན་སྐྱེད་ཀྱི་ཚད་གཞི་(5 Trillion) ལས་བརྒལ་གྱི་ཡོད་འདུག

ལོ་མང་སྔོན་ནས་འཛམ་གླིང་གི་ས་གཤིས་རིག་པ་བ་དང་ཁོར་ཡུག་སྲུང་སྐྱོབ་པ་མང་པོས་འཛམ་གླིང་ནང་གད་སྙིགས་འབོར་ཆེ་རུ་འགྲོ་བཞིན་ཡོད་སྟབས། ལོ་བཅུ་ཕྲག་ཁ་ཤས་རྗེས་སུ་གད་སྙིགས་ཀྱིས་མིའི་བདེ་ཐང་ལ་གནོད་ཚབས་ཆེན་པོ་བཟོ་རྒྱུ་ཡིན་པ་དང་། ལྷག་པར་དུ་རྒྱ་མཚོ་དང་མཚེའུ་ནང་དུ་འགྱིག་རིགས་གད་སྙིགས་འབོར་ཆེན་གཡུག་པ་རྣམས་ཉ་རིགས་དང་རྒྱ་མཚོའི་སྲོག་ཆགས་མང་པོས་ཟ་བཞིན་ཡོད་སྟབས། སྲོག་ཆགས་དེ་དག་ཁ་ཟས་སུ་བསྟེན་བཞིན་པའི་མིའི་རིགས་ཀྱི་བདེ་ཐང་དང་། འཕྲོད་བསྟེན་ལ་བསམ་ཡུལ་ལས་འདས་པའི་ནད་རིགས་འགོས་ཁྱབ་དང་གནོད་པ་ཐེབས་རྒྱུ་ཡིན་སྐོར་བརྗོད་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༣/༢༦

Leave a Reply