བོད་ཁུལ་སློབ་གསོ་ཡར་སྐུལ་བར་གཟེངས་བསྟོད་བྱ་དགའ་ཐོབ།

བོད་ཀྱི་ཤེར་བྱམས་ཐེབས་རྩ་ཁང་གི་བོད་ཁུལ་གྱི་སློབ་གསོ་ཡར་སྐུལ་བ་ཆོས་བཞིན་ལགས་སུ་རྒྱ་ནག་རྒྱལ་ཡོངས་རང་བཞིན་གྱི་སློབ་གསོའི་རོགས་སྐྱོར་གཟེངས་བསྟོད་བྱ་དགའ་ཐོབ་ཡོད་འདུག

ཟླ་འདིའི་ཕྱི་ཚེས ༢༧ ཉིན་རྒྱ་ནག་ཧྲང་ཧེ་གྲོང་ཁྱེར་དུ། ཕྱི་ལོ ༢༠༡༨ ལོའི་རྒྱ་ནག་རྒྱལ་ཡོངས་ཀྱི་འཚར་ལོངས་དྲིན་གཟོའི་བསྡོམས་ཞུ་ཚོགས་འདུ་ཞེས་པའི་ཁེ་ལས་བ་དང་ཐེབས་རྩ་ཚོགས་པའི་མི་སྣ་ ༤༠༠ ལྷག་ལ་ཚོགས་འདུ་བསྡུས་ཏེ། ལོ་མང་རིང་སྤྱི་ཚོགས་ལ་དྭང་བླངས་ཞབས་ཞུ་ཞུས་ཏེ་བྱས་རྗེས་འབུར་ཐོན་ཅན་གྱི་མི་སྣ་གསུམ་ལ་ཆེད་བསྟོད་ཀྱི་གཟེངས་རྟགས་ཕུལ་ཡོད་པ་དང་། སྐབས་དེར་བོད་ཀྱི་ཤེར་བྱམས་ཐེབས་རྩ་ཁང་གི་སྤྱི་ཚོགས་ཞབས་ཞུ་བ་ཆོས་བཞིན་ལགས་སུ་ལོ་བདུན་རིང་ཆེས་ཕུན་སུམ་ཚོགས་པའི་བྱས་རྗེས་དང་སློབ་གསོར་རོགས་སྐྱོར་བྱས་པའི་ཆེད་བསྟོད་བྱ་དགའ་ཐོབ་ཡོད་འདུག

ཤེར་བྱམས་ཐེབས་རྩ་ཁང་ནི་ཕྱི་ལོ་༢༠༡༡ ལོར་མཁན་པོ་བསོད་ནམས་དར་རྒྱས་མཆོག་ནས་གསར་འཛུགས་གནང་སྟེ། བོད་ཁུལ་གྱི་སློབ་གསོར་རོགས་སྐྱོར་དང་།  དབུལ་ཕོངས་ལ་རོགས་སྐྱོར། དེ་བཞིན་དམངས་ཕན་གྱི་བྱ་འགུལ་མང་པོ་ཞིག་གཉེར་བཞིན་ཡོད་པ་དང་། ཆོས་བཞིན་ལགས་ཀྱིས་དགེ་རྒན་གྱི་བྱ་བའི་ཞོར་དུ་ཧྲང་ཧེ་ཤེར་བྱམས་ཐེབས་རྩ་ཚོགས་པའི་བོད་ཁུལ་གྱི་འགན་འཛིན་དང་། ལི་ཁོག་སློབ་དངུལ་རོགས་སྐྱོར་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པའི་ལས་འགན་འཁུར་ཏེ། འདས་པའི་ལོ་ངོ་ ༧ རིང་བོད་ཁུལ་དང་རྒྱ་ནག་གཙོས་ས་ཁུལ་ ༢༦ དང་སློབ་གྲྭ་ཆེ་འབྲིང་ ༡༡༦ ལྷག་གི་དབུལ་ཁྱིམ་སློབ་མ་ ༣༤༣༣ དང་། ལྷག་པར་དུ་བོད་ཁུལ་གྱི་དབུལ་ཁྱིམ་སློབ་མ་ ༡༦༠༠ ལྷག་ལ་མཐོ་འབྲིང་ནས་སློབ་ཆེན་མཐར་ཕྱིན་པའི་བར་དུ་སློབ་ཡོན་གྱིས་རོགས་སྐྱོར་གནང་ཡོད་འདུག

སྤྱི་ཚོགས་སློབ་གསོ་ཡར་སྐུལ་བ་ཆོས་བཞིན་ལགས་ནི་དཀར་མཛེས་ཁུལ་བྲག་མགོ་རྫོང་དུ་སྐྱེས་ཤིང་།  ཕྱི་ལོ་༢༠༠༤ ལོར་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་ནས་སློབ་མཐར་ཕྱིན་རྗེས།  བོད་ཀྱི་རིག་གནས་སྲུང་སྤེལ་ཚོགས་པའི་དྲུང་ཡིག་ཆེན་མོ་དང་ཞུ་དག་པའི་འགན་ཁུར་གནང་ཡོད་འདུག  ཁོང་གིས་སྔ་ཕྱིར་རྒྱུགས་གཞི་དྲིས་ལན་ཉིས་སྟོང་མ་དང་ཚན་རིག་སྐོར་གྱི་ཤེས་བྱ་ཞེས་པའི་སྒྱུར་རྩོམ་ཞིག་བཅས་དཔ་དེབ་བཞི་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་དང་སི་ཁྲོན་ཚན་རྩལ་དཔེ་སྐྲུན་ཁང་གཉིས་ནས་དཔེ་བསྐྲུན་འགྲེམ་སྤེལ་བྱས་ཡོད་པ་དང་། སྙན་ངག་དང་ལྷུག་རྩོམ་སོགས་ཀྱི་བརྩམས་ཆོས་བརྒྱ་ལྷག་བོད་ཁམས་ཀྱི་གཞུང་སྒེར་གཉིས་ཀྱི་དུས་དེབ་ཏུ་བཀོད་ཡོད་འདུག ད་ལྟ་བྲག་མགོ་རྫོང་བོད་ཡིག་སློབ་འབྲིང་དུ་དགེ་རྒན་གྱི་ལས་ཀ་གཉེར་བཞིན་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༣/༢༧

Leave a Reply