ཀེམ་ཇོང་ཨན་རྒྱ་ནག་ནང་བསླེབས་འདུག་ཟེར།

ཨ་རིའི་སྲིད་འཛིན་ཊོམ་ཕུ་དང་བྱང་ཀོ་རི་ཡའི་སྲིད་འཛིན་ཀེམ་ཇོང་ཨན་གཉིས་དངོས་སུ་ཐུག་འདོད་ཡོད་སྐོར་བསྒྲགས་ཏེ་ཡུན་རིང་མ་འགོར་བར་ཀེམ་ཇོང་ཨན་གྱིས་རྒྱ་ནག་ནང་གསང་བའི་སྐོར་སྐྱོད་བྱེད་ཀྱི་ཡོད་སྐོར་བརྗོད་ཀྱིན་འདུགརྒྱལ་སྤྱིའི་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་བ་ལྟར་ན།  ཁ་སང་བྱང་ཀོ་རི་ཡའི་སྲིད་འཛིན་ཀེམ་ཇོང་ཨན་སྔོན་ཆད་ཁོ་རང་གི་ཕ་རྒན་ཀེམ་ཇོང་ཨེལ་རྒྱ་ནག་ནང་སྐྱོད་བྱེད་ཀྱི་མེ་འཁོར་ནང་བསྡད་དེ། ཁུ་སིམ་སིམ་གྱིས་རྒྱ་ནག་པེ་ཅིན་དུ་འབྱོར་ཡོད་སྐོར་བརྗོད་ཀྱིན་འདུག་ལ། གལ་སྲིད་གནས་ཚུལ་དེ་བདེན་པ་ཡིན་ན་ཀེམ་ཇོང་ཨན་གྱིས་བྱང་ཀོ་རི་ཡའི་སྲིད་དབང་བཟུང་རྗེས་ཀྱི་ཕྱི་ཕྱོགས་སུ་བསྐྱོད་པ་ཐོག་མ་དེ་ཆགས་ཡོད་འདུག ད་ལྟའི་ཆར་གནས་ཚུལ་ཁ་གསལ་ཆགས་མེད་ཀྱང་། ཕྱི་ལོ་ ༢༠༡༡ ལོར་ཀེམ་ཇོང་ཨན་གྱི་ཕ་རྒན་ཀེམ་ཇོང་ཨིལ་རྒྱ་ནག་ཏུ་ཕྱིན་སྐབས་ཀྱང་ཕྱིར་ལོག་ཟིན་རྗེས་མ་གཏོགས་གནས་ཚུལ་ཡོངས་བསྒྲགས་བྱས་མེད་པ་རེད།

རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས་གནས་ཚུལ་དེ་ཤེས་རྟོགས་བྱུང་མེད་སྐོར་བརྗོད་ཡོད་ཀྱང་། རྒྱ་ནག་གི་མིང་བརྗོད་འདོད་མེད་པའི་འབྲེལ་ཡོད་མི་སྣ་གསུམ་གྱིས། བྱང་ཀོ་རི་ཡ་དང་རྒྱ་ནག་གི་ས་མཚམས་སུ་བདེ་སྲུང་མི་སྣ་འབོར་ཆེན་འགྲེམས་འཇོག་བྱས་ཡོད་པ་དང་། ཀེམ་ཇོང་ཨན་ད་ལྟ་ཕྱིའི་མགོ་འཁྲིད་ཁག་སྣེ་ལེན་བྱེད་ཡུལ་པེ་ཅིན་གྱི་གཞུང་འབྲེལ་མགྲོན་ཁང་(Diao yutai)དུ་བསྡད་ཡོད་པ་དང་། ཁོ་རྒྱ་ནག་ནང་དུས་ཡུན་ཅི་ཙམ་སྡོད་ཀྱི་ཡོད་པ་དང་ཆབ་སྲིད་མི་སྣ་སུ་ལ་ཐུག་འཕྲད་བྱེད་ཀྱི་ཡོད་མེད་ཤེས་རྟོགས་བྱུང་མེད་སྐོར་སོགས་བརྗོད་འདུག

ཨ་རིའི་ཕོ་བྲང་དཀར་པོའི་མགྲིན་ཚབ་པ་ར་ཇི་ཤཧ་(Raj Shah)་ཡིས། ང་ཚོས་གནས་ཚུལ་དེ་དངོས་གནས་ཡིན་མིན་ཤེས་ཀྱི་མི་འདུག་ཀྱང་། ཨ་རིས་ད་བར་འཛམ་གླིང་རྒྱལ་ཁབ་གཞན་ཁག་ཅིག་དང་ལྷན་དུ་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆའི་ཐད་ལས་འགུལ་སྤེལ་ཏེ། ད་ལྟ་བྱང་ཀོ་རི་ཡ་གྲོས་མོལ་གྱི་མདུན་ཅོག་ཐོག་འཁྲིད་ཡོང་ཐུབ་ཡོད།  དེར་བརྟེན།  ཨ་རིས་ཊོམ་ཕུ་དང་ཀེམ་ཇོང་ཨན་གཉིས་ཀྱི་གནད་འགག་ཆེ་བའི་ཐུག་འཕྲད་དེ་མགྱོགས་མྱུར་མངོན་འགྱུར་བྱུང་བའི་རེ་བ་བྱེད་ཀྱི་ཡོད། ཅེས་བརྗོད་འདུག

ལྷོ་ཀོ་རི་ཡའི་བརྒྱུད་ལམ་ཁག་ཅིག་གིས། རྒྱ་ནག་ནང་འགྲོ་མཁན་དེ་ཀེམ་ཇོང་ཨན་གྱི་སྲིང་མོ་ཡིན་སྲིད་སྐོར་བརྗོད་ཡོད་ཀྱང་།  ལྷོ་ཀོ་རི་ཡའི་དམག་སྲིད་ལས་བྱེད་ཆའོ་རན་ཡོ(Choe Ryong-hae)ལགས་ཀྱིས།  ད་ལྟ་ཁོ་ཚོས་མི་སུ་ཞིག་པེ་ཅིན་དུ་བསྐྱོད་པ་ཡིན་ཤེས་ཀྱི་མེད་པས་ཐབས་ལམ་ཅི་ཡོད་ཀྱིས་གནད་དོན་འདིར་ལྟ་ཞིབ་ནན་ཏན་བྱ་རྒྱུ་ཡིན་སྐོར་བརྗོད་འདུག རོ་ཊར་དང་བྷི་ལོམ་བྷག་(Bloomberg)གསར་ཁང་གི་གནས་ཚུལ་ནང་།  ཁ་སང་བྱང་ཀོ་རི་ཡའི་མཐོ་རིམ་མི་སྣ་ཞིག་རྒྱ་ནག་ཏུ་བསྐྱོད་ཡོད་པ་དངོས་གནས་ཡིན་ཡང་།ཀེམ་ཇོང་ཨན་ཡིན་མིན་ཁ་གསལ་པོ་མེད་པ་དང་། རྒྱལ་ཁབ་གཉིས་ཀྱི་མཐའ་མཚམས་སུ་བདེ་སྲུང་མི་སྣ་འགྲེམས་འཇོག་བྱ་སྟངས་དང་།  ཕྱོགས་སྐྱོད་བྱེད་སའི་མེ་འཁོར་སོགས་སུ་བལྟས་ཚེ་མི་དེ་ཀེམ་ཇོང་ཨན་ཡིན་པ་གསལ་པོ་བྱུང་ཡོད་སྐོར་བརྗོད་འདུག

ཨ་རིའི་བྱང་ཀོ་རི་ཡའི་སྲིད་ཇུས་ཉམས་ཞིབ་ཁང་གི་འགན་འཛིན་སི་ཁོ་ཊི་སན་ཌར་ལགས་ཀྱིས།  ཐེངས་འདིའི་ཐུག་འཕྲད་ཀྱིས་རྒྱ་ནག་སླར་ཡང་ཆབ་སྲིད་ཀྱི་གར་སྟེགས་ཐོག་འབུད་འདོད་ཡོད་པ་བསྟན་ཡོད་སྐོར་དང་། ད་ལན་རྒྱ་ནག་ཏུ་བསླེབས་ཡོད་པ་དེ་ཀེམ་ཇོང་ཨན་མིན་པ་ཡིན་ན། མི་འགྱངས་བར་ཀེམ་ཇོང་ཨན་གྱིས་ལྷོ་ཀོ་རི་ཡ་དང་ཨ་རིའི་སྲིད་འཛིན་ལ་ཐུག་འཕྲད་བྱ་རྒྱུ་ཡིན་པའི་གནས་ཚུལ་ཐོན་ཡོད་སྟབས།  ཞི་ཅིན་ཕིན་ཀེམ་ཇོང་ཨན་ལ་ཐུག་འཕྲད་བྱེད་མཁན་སྲིད་འཛིན་གསུམ་པ་དེ་ཆགས་པའི་འཆར་གཞི་ཡིན་སྐོར་བརྗོད་འདུག་ལ། ཆབ་སྲིད་དབྱེ་ཞིབ་པ་ཁག་ཅིག་གིས། རྒྱ་ནག་བྱང་ཀོ་རི་ཡའི་ཚོང་འབྲེལ་མཐུན་གྲོགས་རྒྱལ་ཁབ་གཙོ་བོ་དེ་ཡིན་སྟབས། ཊིམ་ཕུ་དང་ཀེམ་ཇོང་ཨན་གཉིས་ཐུག་འཕྲད་མ་བྱས་སྔོན་ལ་ཞི་ཅིན་ཕིན་དང་ཀེམ་ཇོང་ཨན་གཉིས་ཐུག་འཕྲད་བྱེད་པ་གཏན་འཁེལ་ཡིན་སྐོར་བརྗོད་ཀྱི་འདུག

བྱང་ཀོ་རི་ཡས་རྡུལ་ཕྲན་མཚོན་ཆ་ཚོད་ལྟ་བསྟུན་མར་བྱས་ཏེ་རྒྱལ་སྤྱིའི་ཐོག་འཇིགས་སྣང་བསླངས་བར་བརྟེན། མཉམ་འབྲེལ་རྒྱལ་ཚོགས་ནས་བྱང་ཀོ་རི་ཡར་ཉེས་ཆད་ལྗིད་པོ་གཅོད་པའི་གྲོས་ཆོད་འཇོག་དགོས་བྱུང་བ་དང་། རྒྱ་ནག་གིས་ཀྱང་གྲོས་ཆོད་དེར་རྒྱབ་སྐྱོར་བྱས་པའི་རྐྱེན་གྱིས་རྒྱ་ནག་དང་བྱང་ཀོ་རི་ཡའི་བར་གྱི་འབྲེལ་ལམ་ཇེ་ཞན་དུ་ཕྱིན་སྟབས། ད་ལྟའི་བར་ཀེམ་ཇོང་ཨན་གཞུང་ནས་རྒྱ་ནག་ནང་བྱང་ཀོ་རི་ཡའི་གནད་ཡོད་མི་སྣ་གཅིག་ཀྱང་མངགས་གཏོང་བྱས་མེད་པ་རེད། གང་ལྟར་ཐེངས་འདིར་བྱང་ཀོ་རི་ཡའི་གནད་ཡོད་མི་སྣ་ཞིག་རྒྱ་ནག་ནང་ཆེད་སྐྱོད་ཀྱིས་རྒྱལ་ཁབ་གཉིས་བར་གྱི་འབྲེལ་ལམ་ཡར་རྒྱས་གཏོང་རྩིས་ཡིན་ལུགས་བརྗོད་ཀྱི་ཡོད་པ་རེད།

གསར་འགོད་པ།  སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༨/༠༣/༢༧

Leave a Reply

2 thoughts on “ཀེམ་ཇོང་ཨན་རྒྱ་ནག་ནང་བསླེབས་འདུག་ཟེར།

  1. ཐོས་པ་དགའ།

    ད་ཨ་རིའི་ཁྲོམ་རྒན་གྱིས་༧གོང་ས་མཆོག་གདན་འདྲེན་ཞུ་དགོས་པ་ཧ་ཅང་གལ་ཆེན་པོ་རེད་འདུག གཅིག་བྱས་ན་གདན་འདྲེན་ཞུ་ནའང་ཐང་།