རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུ་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད།

བོད་མིའི་སྒྲིག་འཛུགས་ནས་བོད་མི་རྣམས་རྒྱ་གར་ནང་བཙན་བྱོལ་དུ་བསླེབས་ཏེ་མི་ལོ་ ༦༠ འཁོར་གྱི་ཡོད་པ་དང་བསྟུན་རྒྱ་གར་གཞུང་མང་ལ་ཐུགས་རྗེ་ཆེ་ཞུའི་བསྟོད་དབྱངས་གླུ་གཞས་དང་འཕགས་བོད་གཉིས་ཀྱི་སྐྱིད་སྡུག་མཉམ་མྱོང་སྐོར་གྱི་དཔེ་དེབ་དབུ་འབྱེད་གནང་སོང་།དེ་རིང་སྔ་དྲོའི་ཆུ་ཚོད་ ༡༢ སྟེང་བོད་མིའི་སྒྲིགས་འཛུགས་བཀའ་ཤག་ཚོགས་ཁང་དུ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་དབུས་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་དང་། དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་བཅས་ཀྱིས། བོད་མིའི་སྒྲིག་འཛུགས་ཀྱི་ལམ་སྟོན་འོག་བོད་ཀྱི་ཟློས་གར་ཚོགས་པས་བཟོས་པའི་བོད་མིའི་སྒྲིག་འཛུགས་གཞུང་མང་གཉིས་ཀྱི་རྒྱ་གར་ཐུགས་རྗེ་ཆེ་ཞེས་པའི་བསྟོད་དབྱངས་གླུ་གཞས་ཤིག་དང་། བོད་མའི་སྒྲིག་འཛུགས་ངོས་ནས་པར་སྐྲུན་བྱས་པའི་འཕགས་བོད་དབར་གྱི་འདས་དང་མ་འོངས་པའི་སྐྱིད་སྡུག་མཉམ་མྱོང་གི་མཛའ་འབྲེལ་ཞེས་པའི་བོད་དབྱིན་གཉིས་ཀྱི་དཔེ་དེབ་གཉིས། དེ་བཞིན། ཕྱི་ལོ་༢༠༡༧ ལོའི་རྡོ་རྗེ་གདན་དུས་འཁོར་དབང་ཆེན་སྐབས་ཀྱི་པར་རིས་དཔེ་དེབ་གཅིག་བཅས་དབུ་འབྱེད་གནང་སོང་།

མཛད་སྒོའི་ཐོག་གསར་འགོད་པ་ཞིག་གིས་དམིགས་བསལ་གྱིས་རྒྱ་གར་ལ་ཐུགས་རྗེ་ཆེ་ཞུ་དགོས་དོན་གང་ཡིན་དྲིས་པར་སྲིད་སྐྱོང་མཆོག་གིས། རྒྱ་གར་གཞུང་མང་གཉིས་ལས་ལྷག་བོད་དོན་དང་བོད་ཀྱི་རྩ་དོན་ཆེད་དུ་བཀའ་དྲིན་ཆེ་བ་རྒྱལ་ཁབ་གང་དུ་ཡང་ཡོད་པ་མ་རེད། རྒྱ་གར་བཀའ་དྲིན་ཆེ་ཤོས་དེ་ཆགས་ཀྱི་ཡོད་པ་རེད་ལ་དུས་རྟག་ཏུ་ལོ་རེ་བཞིན་མཛད་སྒོ་ཁག་དང་གསུང་བཤད་ཁག་གང་དུ་ཡིན་ནའང་རྒྱ་གར་གཞུང་མང་གཉིས་ལ་ཧ་ཅང་གི་བཀའ་དྲིན་ཆེན་པོ་ཡིན་ཞེས་བཤད་བསྡད་ཡོད་པ་དང་། སྐབས་སྐབས་རེར་ཁ་ནས་བཤད་བསྡད་པ་ཙམ་མིན་པར་ལག་ལེན་གྱི་སྟེང་ནས་ཐུགས་རྗེ་ཆེ་ཞུ་དགོས་པ་གལ་ཆེན་པོ་ཡིན་པ་རེད། མི་ལོ་༦༠ ཟེར་དུས་མི་ཚེ་གཅིག་ལ་མཚོན་ན་ཧ་ལས་པའི་དུས་ཡུན་རིང་པོ་རེད་ལ། རྒྱལ་ཁབ་གཅིག་གི་མི་མང་གིས་དུས་ཡུན་རིང་པོ་དེ་འདྲ་ཞིག་ལ་རྒྱབ་སྐྱོར་གནང་བར་ང་ཚོས་ཐུགས་རྗེ་ཆེ་ཞུ་རྒྱུ་དེ་ཤིན་ཏུ་གལ་ཆེན་པོ་རེད་ལ། ད་དུང་ཉུང་དྲགས་པའི་སྐྱོན་ཡོད་པ་ཡིན་དུས་ང་ཚོས་ལོ་ངོ་༦༠ འཁོར་བའི་ཐུགས་རྗེ་ཆེ་ཞེས་ཞུ་ཡི་ཡོད་པ་རེད། ནང་མི་ཞིག་ཡིན་ན་ཡང་བཟའ་ཟླ་ཕན་ཚུན་བར་ལ་ཉི་མ་རེ་རེར་མིན་ན་ཡང་ལོ་རེ་རེར་ཕན་ཚུན་ཐུགས་རྗེ་ཆེ་ཞུ་དགོས་པ་རེད། དེ་ནང་མིའི་མཐུན་སྒྲིལ་ལ་གལ་ཆེན་པོ་ཆགས་ཡོད་པ་རེད་ལ། དེ་བཞིན་དགེ་རྒན་གྱིས་སློབ་ཕྲུག་ལ་ཐུགས་རྗེ་ཆེ་དང་སློབ་ཕྲུག་གིས་དགེ་རྒན་ལ་ཐུགས་རྗེ་ཆེ་ཞུ་དགོས་པ་ཕྱོགས་གང་ཐད་ནས་གལ་ཆེན་པོ་རེད། དེ་བས་ཐེངས་འདིར་ང་ཚོས་ཐུགས་རྗེ་ཆེ་ཞེས་པ་དེ་རྒྱ་གར་གཅིག་པུ་ཙམ་མ་ཡིན་པར་རྒྱ་གར་གཙོ་བོར་གྱུར་བའི་འཛམ་གླིང་ཡོངས་ནང་བོད་པ་ག་བར་ཡོད་པའི་རྒྱལ་ཁབ་ཁག་ལ་ཐུགས་རྗེ་ཆེ་ཞུ་དགོས་པ་རེད་ལ། དེ་ང་ཚོ་བོད་པའི་ཡ་རབས་བཟང་སྤྱོད་ཀྱི་ཁྱད་ཆོས་ཤིག་ཡིན་པ་རེད། དེ་སྔོན་ལོ་ངོ་༥༠ འཁོར་བའི་སྐབས་བྱེད་ཐུབ་མེད་ན་ཡང་སེམས་ནང་དེ་ལྟར་བྱེད་རྒྱུའི་བསམ་བློ་ཡོད་པ་རེད། འཛམ་གླིང་ཡོངས་ནང་བོད་པ་ཚོས་སོ་སོ་ཡོད་སའི་རྒྱལ་ཁབ་ཁག་ནང་ཐུགས་རྗེ་ཆེ་ཞེས་ལས་རིམ་ཡོང་གི་ཡོད་པ་དང་། ཁ་ཤས་ཀྱིས་ཞུ་བཞིན་པ་རེད། དེ་བཞིན་བོད་པ་ཡོད་སའི་གཞིས་ཆགས་ཁག་ལ་མཚོན་ན། རང་ཉིད་ཀྱི་ཁྱིམ་མཚེས་གྲོང་པ་གཙོས་པའི་རྫོང་དང་མངའ་སྡེ་གཞུང་ལའང་ཐུགས་རྗེ་ཆེ་ཞུ་དགོས་པ་དེ་གལ་ཆེན་པོ་རེད། ཅེས་དང་། དེ་བཞིན་དྲི་བ་དྲིས་ལན་སྐབས་རྒྱ་གར་ཐུགས་རྗེ་ཆེ་ཞུ་བར་བཀའ་སྤྱི་གཉིས་ནས་སྐོར་སྐྱོད་ཀྱི་ལས་རིམ་ཡོད་པ་དང་། བོད་མི་ཚོས་སོ་སོ་སྡོད་སའི་ཉེ་འཁོར་གཙང་མ་བཟོ་བ་དང་། དགོན་སྡེ་ཁག་ནས་རྒྱ་གར་ལམ་ལྷོང་ཡོང་བར་མཆོད་འབུལ་སྨོན་ལམ་རྒྱག་པ་སོགས་ཀྱི་ལས་རིམ་ཁག་མང་པོ་ཞིག་བསྒྲིགས་ཡོད་སྐོར་གསུངས་སོང་།

མཇུག་ཏུ་གསར་འགོད་པས་ཉེ་སྔོན་རྒྱ་གར་གཞུང་གིས་ཐུགས་རྗེ་ཆེ་ཞུའི་ལས་རིམ་དེ་རྒྱལ་ས་ལྡི་ལི་ནས་ཚོགས་མ་བཅུག་པར་ཕྱིར་འཐེན་བྱ་དགོས་བྱུང་བར་བློ་ཕམ་བྱུང་མིན་སྐོར་དྲིས་པར་ཁོང་གིས། རྒྱ་གར་གཞུང་གིས་ང་ཚོར་ལོ་ངོ ༦༠ རིང་ལ་མཐུན་འབྱོར་རོགས་རམ་གནང་བ་རེད། ཡོངས་རྒྱུ་བསྡད་པའི་ཟླ་བ་དེ་རྒྱ་གར་ལ་མཚོན་ན་ཧ་ཅང་གལ་ཆེན་པོ་ཞིག་ཆགས་ཡོད་པ་ལྟར། ང་ཚོའི་ངོས་ནས་དེ་ལ་བསམ་ཤེས་དང་གུས་བཀུར་བྱ་ཐུབ་ཀྱི་འདུག བོད་པ་ཚོར་མཚོན་ན། རྒྱ་གར་གཞུང་གིས་བོད་དོན་ཐོག་འགྱུར་བ་ཞིག་འགྲོ་བཞིན་འདུག་བསམ་པའི་སེམས་ཚབས་གཏན་ནས་གནང་དགོས་མི་འདུག ཉེ་སྔོན་གནས་ཚུལ་དེ་བྱུང་བ་དང་ལྡི་ལིར་བཅར་ནས་འབྲེལ་ཡོད་ཚོ་དང་མཇལ་འཕྲད་བྱས་པ་ཡིན་མོད། རྒྱ་གར་གཞུང་གིས་བོད་དང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་གཟིགས་ཚུལ་དེར་འགྱུར་བ་གང་ཡང་འགྲོ་མི་འདུག ཡིན་རྒྱུ་དེ་ཡོང་རྒྱུ་བསྡད་པའི་ཟླ་བ་ཁ་ཤས་རྗེས་རྒྱ་དཀར་ནག་བར་ཚོགས་འདུ་དེ་འདྲ་ཡོད་པའི་རྐྱེན་གྱིས་ཡིན་འདུག ཡིན་ན་ཡང་། དུས་ཚོད་སྒྲིག་སྟངས་ལ་བལྟས་པ་ཡིན་ན། རྒྱ་ནག་གཞུང་གིས་ཆེད་དུ་དུས་ཚོད་དེ་ལྟར་གོ་སྒྲིག་བྱས་པ་ཞིག་ཡིན་པར་ང་རང་ངོས་ནས་དོགས་གཞི་ཞིག་བྱུང་སོང་། གང་ལྟར་རྒྱ་གར་གཞུང་གིས་བོད་དོན་སྒང་ལ་འཛིན་པའི་སྲིད་བྱུས་ཀྱི་རྨང་གཞི་ལ་འགྱུར་བ་གང་ཡང་འགྲོ་མི་འདུག ཅེས་གསུངས་སོང་།

དེ་རིང་རྒྱ་གར་དུས་བབ་ཀྱིས་རྒྱ་གར་གཞུང་ངོས་ནས་བརྗོད་པའི་གནས་ཚུལ་ཞིག་སྤེལ་བའི་ནང་དུ། རྒྱ་གར་གྱིས་རྒྱ་ནག་ལ་བཟུང་བའི་སྲིད་བྱུས་ལ་འགྱུར་བ་གང་ཡང་ཕྱིན་མེད་ན་ཡང་། རྒྱ་གར་གཞུང་ཕྱོགས་ནས་རྒྱ་ནག་ལ་ཞི་འཇམ་བྱེད་དགོས་དོན་དེ་འདས་ལོར་འབྲོག་ལམ་ས་མཚམས་རྩོད་རྙོག་གཙོས་ཕྱོགས་གཉིས་ཀྱི་བར་ལ་དཀའ་ངལ་མང་པོ་ཞིག་ཡོང་བཞིན་པ་དང་། ལྷག་པར་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཨ་རུ་ནྰ་ཅལ་ནང་དུ་ཕེབས་པའི་དཀའ་རྙོག་སོགས་སེལ་ཐབས་བྱེད་འདོད་པས་ཡིན་ལ།  འདི་ལོའི་ཕྱི་ཟླ་༦ པའི་ནང་རྒྱ་ནག་གྲོང་ཁྱེར་(Qing dao)ནང་ཚོགས་འཆར་ཡོད་པའི་ཧྲང་ཧེ་མཉམ་འབྲེལ་ཚོང་ལས་ཚོགས་འདུ(SCO) ཞེས་པའི་སྟེང་རྒྱ་དཀར་ནག་གཉིས་ཀྱི་སྲིད་འཛིན་གཉིས་ཐུག་འཕྲད་བྱ་རྒྱུའི་འཆར་གཞི་ཡོད་པ་ལྟར། རྒྱ་གར་ངོས་ནས་གནད་དོན་དེ་ལ་ལམ་ཁ་བཟོ་བཞིན་ཡོད་པ་ལས། དེ་མིན་རྒྱ་དཀར་ནག་གཉིས་ཀྱི་གནད་དོན་གཞན་གྱི་སྲིད་བྱུས་འཛིན་ཕྱོགས་ལ་འགྱུར་བ་གང་ཡང་མེད་སྐོར་བརྗོད་འདུག

༧ གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་དུ་ཕེབས་ནས་ལོ་ངོ་ ༦༠ འཁོར་པའི་དུས་ཚིགས་དང་བསྟུན། ཟླ་འདིའི་ཕྱི་ཚེས་ ༣༡ ཉིན་བཞུགས་སྒར་དྷ་རམ་ས་ལ་རུ་རྒྱ་གར་ལ་ཐུགས་རྗེ་ཆེ་ཞེས་པའི་གཞུང་འབྲེལ་མཛད་སྒོ་འཚོགས་གཏན་འཁེལ་ཡོད་པ་དང་། མཛད་སྒོའི་ཐོག་རྒྱ་གར་རིག་གཞུང་བློན་ཆེན་མྰ་ཧེ་ཤི་ཤར་མྰ་མཆོག་(Mahesh Sharma)དང་བྷེ་ཇི་པི་སྤྱི་ཁྱབ་དྲུང་ཆེ་རམ་དྷེ་ཝ་མཆོག་(Ram Madhav)གཉིས་ཀྱི་དབུས་ཕྱི་ལོ་༡༩༥༩ ལོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་ནང་བཙན་བྱོལ་དུ་འབྱོར་སྐབས། རྒྱ་གར་གཞུང་གིས་སྲུང་དམག་ཏུ་བཏང་བའི་ཨ་སམ་དྲག་ཆས་དམག་མི་ཟུར་པ་(Naren Chandra Das)ལགས་མགྲོན་འབོད་གནང་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༣/༢༨

Leave a Reply

2 thoughts on “རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུ་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད།

  1. ༄༅། བོད་མིའི་སྒྲིག་འཛུགས་ནས་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཚེ་ཞུའི་ལས་འགུལ་་གནང་བ་དེ་
    བཀའ་དྲིན་ཆེ་། ལོས་ཡིན། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལ་ཕེབས་ནས་རྒྱ་གར་ས་གནས་
    ཁག་མང་པོའི་ནང་བོད་མིའི་ཤེས་རིག་དང་ནང་ཆོས་སོགས་ཀྱི་ཐོག་དཔེ་མི་སྲིད་པའི་ཐུགས་འགན་བཞེས་ཡོད།
    ངས་ཁྱེད་རྣམ་པ་ཡོངས་ལ་་བཀའ་དྲིན་ཆེ་ཞེས་ཞུ་གོ་ཡོད།

  2. རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུ་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད་ཏེ། རྒྱ་གར་གར་གཞུང་ལ་མི་འདོད་བཞིན་དུ་ཨུ་ཚུགས་རྒྱག་གི་བསྡད་ན་བྱབ་ཀྱང་འདུག་གས། མི་ཆང་རག་འཐུང་མཁན་ཞིག་གི་གཞན་པ་ཚང་མ་གཅིག་པ་མཐོང་གི་ཡོད། ཡང་མེད་ན་ང་ཚོའི་ལས་འགུལ་དེ་ཆོས་ཕྱོགས་ཀྱང་པ་ཡིན་པས་ དགོང་པ་བཞེས་རོགས་ཞུ་དགོས། གང་ལ་ཞུས་ན་་་ སངས་རྒྱས་བཅོམ་ལྡན་འདས་ཀྱི་ ཆོས་ཀྱི་ནང་ལ་ ལྟ་བ་རྟེན་འབྱུང་གསུང་པ་འདི་ལ་ བཀའ་དྲིན་རྗེས་དྲན་ལ་འབྲེལ་བ ཆེན་པོ་ཡོད་པ་ཡིན་ཙང་ དེའི་ཆ་ནས་ང་ཚོའི་རྒྱ་གར་གཞུང་མང་གཉིས་ལ་བཀའ་དྲིན་རྗེས་དྲན་ཞུ་ཡི་ཡོད་པ་རེད་ཞུ་དགོས། གཅིག་བྱེད་ན་ང་ཚོའི་འཁྲབ་སྟོན་ཡིན་སྲི། གཅིག་བྱེད་ན་ཕར་ཕྱོགས་ལ་གནོང་ཡོད་སྲི། གནོང་ཡོད་ན་ འདི་ནས་ཨུ་ཚུགས་རྒྱག་གི་བསྡད་ན་ དགའ་རྒྱུ་དང་ཕར་བཞག ? ! ! ! ! ! ! ! ! ! ! ! ! ! ! ! ! ! ! ! !