རྩྭ་བཟང་ས་དང་ཆུ་ཡག་ས་རུ་མ་ཕྱིན་པར་སོ་སོའི་སྤྱི་ཚོགས་ནང་ཞབས་ཞུ་སྒྲུབ་རོགས།

སྨན་རྩིས་ཁང་དབུ་བརྙེས་ཏེ་ལོ་ངོ་ཧྲིལ་བོ་ ༡༠༢ འཁོར་བའི་མཛད་སྒོའི་ཐོག་ཕྱི་ལོ་ ༢༠༢༠ ཟླ་ ༣ ནང་བཞུགས་སྒར་སྨན་རྩིང་ཁང་གི་མཐོ་སློབ་སྦེང་ལོར་དུ་གནས་སྤོར་གནང་འཆར་ཡོད་སྐོར་སོགས་བརྗོད་སོང་།

དེ་རིང་སྔ་དྲོའི་ཆུ་ཚོད་༩ པ་ཡས་མས་སུ་བཞུགས་སྒར་བོད་ཀྱི་སྨན་རྩིས་ཁང་མཐོ་སློབ་ཚོགས་ཁང་དུ།  བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་ཏེ་ལོ་ངོ་ཧྲིལ་བོ་ ༡༠༢ འཁོར་བའི་དུས་དྲན་མཛད་སྒོ་ཞིག་ཚོགས་གནང་སོང་བ་དང་། ཚོགས་ཐོག་ཏུ་སྐུ་མགྲོན་གཙོ་བོ་འཕྲོད་བསྟེན་བཀའ་བློོན་ཆོས་སྐྱོང་དབང་ཕྱུག་མཆོག་གི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་གནད་ཡོད་མི་སྣ་ཁག་ཅིག་དང་།  སྤྱི་འཐུས་གྲོས་ཚོགས་ཀྱི་ཚོགས་གཞོན་ཨ་ཅརྱ་ཡེ་ཤེས་ཕུན་ཚོགས་མཆོག་གི་གཙོས་བོད་མི་མང་སྤྱི་འཐུས་རྣམ་པ། དེ་བཞིན་རྒྱ་གར་གྱི་གནད་ཡོད་སྐུ་མགྲོན་ཁག་ཅིག གཞན། སྨན་རྩིས་ཁང་གི་དབུ་ལས་དང་སྨན་པ་སྨན་ཟུར། སློབ་ཕྲུག་བཅས་འཛོམས་འདུག

མཛད་སྒོ་དབུ་འབྱེད་ཀྱི་ཐོག་མར་གཡུ་ཐོག་གསོལ་འདེབས་དབྱངས་རྟ་དང་བཅས་གསོལ་ཇ་འབྲས་སིལ་འདེགས་འབུལ་ཞུས་བ་དང་བསྟུན། སྨན་རྩིས་ཁང་མཐོ་སློབ་ཀྱི་སློབ་མ་ཁག་ཅིག་གིས་གཞས་སྣ་འཁྲབ་སྟོན་ཞུས། དེ་ནས་འཕྲོད་བསྟེན་བཀའ་བློན་མཆོག་གིས་སྨན་རྩིས་ཁང་ནས་བཏོན་པའི་དཔེ་དེབ་ཁག་བདུན་དབུ་འབྱེད་དང་། སྐུའི་བླ་སྨན་པ་ཡེ་ཤེས་དོན་ལྡན་ལགས་སུ་རྒྱ་གར་གཞུང་གི་ཕྱི་ལོ་ ༢༠༡༨ ལོའི་པདྨ་ཤྲྰ་  གཟེངས་རྟགས་ཐོབ་པར་ཆེ་བསྟོད་ཡི་རང་དང་དགའ་བསུའི་འཚམས་འདྲི་ཞུ་ཆེད་ལེགས་གསོལ་དྲན་རྟེན་ཕྱག་རྟགས་ཤིག་དང་། སྨན་རྩིས་ཁང་དུ་ཞབས་ལོ་ ༣༠ དང་ ༢༠ ལོན་པའི་ལས་བྱེད་ ༨ ལ་གཟེངས་བསྟོད་བྱ་དགའ། དེ་བཞིན། དཀའ་བཅུ་བའི་སློབ་ཐོན་སྨན་པ་དང་སྨན་རྩིས་སློབ་མའི་ཡིག་རྒྱུགས་རྩེར་སོན་རྣམས་ལ་ཕྱག་འཁྱེར་བཅས་གནང་སོང་།

མཛད་སྒོའི་ཐོག་སྨན་རྩིས་ཁང་གི་འགན་འཛིན་ཚེ་རིང་བཀྲ་ཤིས་ལགས་ཀྱིས་ལས་བསྡོམས་སྙན་སྒྲོན་གནང་སྐབས།  ད་ལྟའི་ཆར་སྨན་རྩིས་ཁང་དུ་ངོ་བོ་དང་ལས་འགན་གྱི་ཐོག་ནས་འཛིན་སྐྱོང་ཁོངས་སུ་སྡེ་ཚན་ཁག་ ༡༡ དང་། རིག་གཞུང་ཁོངས་སྡེ་ཚན་ ༡༡་བཅས་ཁྱོན་སྡེ་ཚན་ ༢༢ དང་། འཛིན་སྐྱོང་ཚགས་ཚུད་དང་མཉམ་རུབ་ཆེད། ལས་ཀའི་ངོ་བོའི་ཐོག་དབང་ཚད་བགོ་འགྲེམས་བྱས་པའི་ཚོགས་ཆུང་ཁག་ ༩ བཅས་ཡོད་པ་དང་།  མི་ཤུགས་གོང་སྤེལ་སྡེ་ཚན་ཁོངས་སུ་སྨན་པ་བུ་དང་བུ་མོ་༡༡༧ དང་།  ཆོད་གན་སྨན་པ་བུ་ ༦། སྐར་རྩིས་པ་བུ་བུ་མོ་ ༡༥། ཉམས་གསོག་སྨན་པ་བུ་བུ་མོ་ ༤༨། ཉམས་གསོག་སྐར་རྩིས་པ་བུ་བུ་མོ་ ༦།  སྨན་སློབ་བུ་ ༤༢ དང་བུ་མོ་ ༣༩། སྐར་རྩིས་སློབ་ཕྲུག་བུ་༡༠ དང་བུ་མོ་ ༡༤། འཛིན་སྐྱོང་ལས་བྱེད་ཕོ་མོ་ ༣༢༣ དང་།  འཛིན་སྐྱོང་ཆོད་གན་ལས་བྱེད་བུ་ ༤༦ དང་བུ་མོ་ ༡༦།  ལས་མི་བུ་ ༤༨དང་བུ་མོ་ ༤༦། ཚོད་ལྟའི་ལས་བྱེད་བུ་༢ དང་བུ་མོ་ ༣ བཅས་ད་ལྟ་སྨན་རྩིས་ཁང་འཛིན་སྐྱོང་མ་ལག་དང་བཅས་པའི་ནང་ཁྱོན་བུ་༤༣༠ དང་བུ་མོ་ ༣༥༡ བཅས་ཁྱོན་བསྡོམས་མི་གྲངས་ ༧༨༡ ཡོད་སྐོར་བརྗོད་སོང་།

ཡང་ཁོང་གིས་སྨན་རྩིས་ཁང་གི་སྨན་སྦྱིན་ཞབས་ཞུའི་སྐོར་ལ།  སྨན་རྩིས་ཁང་ནས་ཉམ་ཐག་དང་ལོ་ན་ ༦༥ ཡན།  བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་ལས་བྱེད།  བོད་ནས་གསར་དུ་འབྱོར་བ། སྨན་རྩིས་ཁང་གི་ལས་བྱེད་དང་ལྷན་སྡོད་ནང་མི།  ནད་གཞི་འབྲས་ནད། གློ་གཅོང་། གཉན་ནད་རེག་དུག  མཆིན་ནད་དུག་ཐབས་བཅས་ནད་ལྕི་མོ་ཡོད་མཁན་རྣམས་དང་། བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལྟ་སྐྱོང་ཆེད་སྨན་རིན་བརྒྱ་ཆ་ ༡༠ ཆག་ཡང་།  དེ་བཞིན་གྲྭ་བཙུན་དང་། སློབ་ཕྲུག་བཅས་ལ་སྨན་སྦྱིན་ཕྱེད་བཅག་ཕུལ་ཏེ་ཟླ་རེར་ཆ་སྙོམས་ཧིན་སྒོར་འབུམ་ ༣༡ ཙམ་གཏོང་བཞིན་ཡོད་པ་དེ་དག་ནི། གཙོ་བོ་༧རྒྱལ་དབང་༧སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་དང་། ཡང་སྒོས་རྒྱ་གར་གྱི་གྲོང་ཁྱེར་ཆེ་ཁག་ནང་ཡོད་པའི་སྨན་རྩིས་ཁང་ལ་བསྟེན་གཏུགས་བྱེད་མཁན་གྱི་ནད་པའི་ཞལ་འདེབས་དང་སྨན་རིན་སོགས་ལ་བརྟེན་ནས་བྱུང་བ་ཡིན། ཞེས་བརྗོད་སོང་བ་དང་།  སྨན་རྩིས་ཁང་གི་རྒྱ་གར་ལྷོ་ཕྱོགས་སུ་མཐོ་སློབ་གསར་རྒྱག་ཆེད་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཧིན་སྒོར་འབུམ་ ༢༠༠ དང་། རྒྱ་གར་དབུས་གཞུང་དང་ཁ་ན་ཊ་ཀ་མངའ་སྡེ་གཉིས་ནས་ཧིན་སྒོར་འབུམ་ ༩༩༩།༩༩༩ བཅས་གནང་ཡོད་པ་དང་། འབྱུང་འགྱུར་ཕྱི་ལོ་ ༢༠༢༠ ཟླ་ ༣ ནང་བཞུགས་སྒར་སྨན་རྩིང་ཁང་གི་མཐོ་སློབ་སྦེང་ལོར་དུ་གནས་སྤོར་གནང་འཆར་ཡོད་སྐོར་སོགས་བརྗོད་སོང་།

འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་གིས་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་སྐབས།  དེང་གི་དུས་སྐབས་འདིར་བོད་ཀྱི་གསོ་བ་རིག་པའི་གནས་བབ་དང་རྒྱུན་འཛིན། དར་སྤེལ་སོགས་ཀྱི་ལས་དོན་སྒྲུབ་མཁན་གཙོ་བོ་དེ་སྨན་རྩིས་ཁང་ཆགས་ཡོད་པ་ཡོངས་གྲགས་དང་སྨྲོས་མེད་ཡིན།  དེར་བརྟེན།  སྨན་རྩིས་ཁང་ནང་ཐོག་མ་ནས་ཕྱག་ལས་གནང་མཁན་དང་བགྲེས་ཡོལ་ཕེབས་འགྲོ་ཡི་ཡོད་པ། དེ་བཞིན། ལོ་ ༢༠ དང་༣༠ རིང་ཞབས་ཞུ་གནང་མཁན་སོགས་རྣམ་པ་ཚང་མས་སྐུ་ལས་སྐྱོན་པའི་ཐོག  ད་ལྟ་ང་ཚོའི་གསོ་བ་རིག་པས་བོད་པའི་སྤྱི་ཚོགས་ནང་ཕན་ཡོན་དང་ཕན་རླབས། རྒྱ་གར་ནང་གསོ་བ་རིག་པའི་སྐོར་ལ་གོ་རྟོགས་དང་མོས་པ་ཇི་ཙམ་ཡོད་པ། དེ་བཞིན་རྒྱལ་སྤྱིའི་ནང་བོད་ཀྱི་གསོ་རིག་གི་རིག་གཞུང་དར་སྤེལ་དང་ཁྱབ་སྤེལ་བྱེད་ཀྱིན་ཡོད་པ་དེ་དག་ང་ཚོ་ཚང་མས་དགའ་སྤོབས་བྱེེད་འོས་པའི་གནས་སྟངས་ཤིག་ཆགས་ཡོད་ལ།  དེའི་ཐད་ད་རེས་སྨན་རྩིས་ཁང་གི་འགན་འཛིན་ཟུར་པ་དང་སྨན་ཟུར་༧སྐུའི་བླ་སྨན་ཡེ་ཤེས་དོན་ལྡན་མཆོག་ལ་རྒྱ་གར་གཞུང་ནས་པདྨ་ཤྲི་གཟེངས་རྟགས་ཕུལ་བ་དེས། བོད་ཀྱི་གསོ་རིག་རིག་གཞུང་ལ་ཆེ་མཐོང་དང་དགའ་སྤོབས་སྐྱེས་འོས་པའི་གནས་ཚུལ་ཞིག་ཆགས་ཡོད།  ཅེས་གསུངས་སོང་།

ཡང་ནད་རིགས་སྔོན་འགོག་སྐོར་ལ་ཁོང་གིས།  སྨན་རྩིས་ཁང་ནས་ང་ཚོའི་སྤྱི་ཚོགས་ནང་དགོས་ངེས་ཅན་གྱི་སྐབས་འདིར་སྨན་སྦྱིན་ཆག་ཡང་དང་ཕྱེད་བཅག་སོགས་ཧིན་སྒོར་འབུམ་ ༣༡ ཙམ་གྱི་འགྲོ་གྲོན་གཏོང་གི་ཡོད་པར་དེ་རིང་འདིར་བསྔགས་བརྗོད་ཞུ་འདོད་བྱུང་།  དེ་དང་ཆབ་གཅིག་ད་ལྟའི་ཆར་བརྒྱུད་རིམ་མང་པོའི་ཐོག་དང་། ལྷག་པར་དུ་༧མགོན་པོ་གང་ཉིད་ཀྱི་བཀའ་ཕེབས་པ་བཞིན་ང་ཚོའི་སྤྱི་ཚོགས་ནང་ནད་རིགས་སྔོན་འགོག་ཐོག་ཕྱོགས་བཞི་མཚམས་བརྒྱད་ནས་ཤུགས་རྒྱག་རྒྱུ་གལ་ཆེན་ཡིན་ལ་ཤུགས་བརྒྱབ་ནས་འགྲོ་ཡི་ཡང་ཡོད་པ་རེད། སྨན་རྩིས་ཁང་ནས་ཀྱང་སྡེ་ཚན་འདྲ་མིན་བརྒྱུད་ཞིབ་འཇུག་དང་བརྟག་དཔྱད་སོགས་བྱས་ཏེ། ད་ལྟ་འཕྲོད་བསྟེན་དང་འབྲེལ་བའི་དེབ་ ༡༧ ཙམ་ཞིག་མང་ཚོགས་ནང་འགྲེམས་སྤེལ་བྱས་ཡོད་སྟབས།  མང་ཚོགས་ནས་དེ་ཚོའི་ཐོག་བསམ་ཞིབ་བྱས་ཏེ་གོ་རྟོགས་ལེན་ཐུབ་པའི་རེ་འདུན་ཞུ་ཡི་ཡོད།  སྨན་རྩིས་ཁང་ནས་ད་བར་དཀའ་བཅུ་བ་དང་སྨན་རམས་པ་མང་པོ་ཐོན་གྱི་ཡོད་པ་ཚང་མས་སྤྱི་ཚོགས་དང་སྒྲིག་འཛུགས་ལ་ཞབས་ཞུའི་ཕྱག་ལས་གནང་བསྡད་པ་དེ་རྒྱུན་མ་ཆད་པར་གནང་རོགས་ཞུ་རྒྱུ་ཡིན་ལ།  ང་ཚོ་ནང་པ་ཞིག་ཡིན་པའི་ཆ་ནས་དགེ་སྡུག་བླང་འདོར་གྱི་ཚོར་བ་ཡོད་པའི་ཐོག  དེང་གི་དུས་འདིར་རྩྭ་བཟང་ས་དང་ཆུ་ཡག་ས་རུ་མ་ཕྱིན་པར་ག་ཚོད་ཐུབ་ཐུབ་ཀྱིས་ཚུར་ང་རང་ཚོའི་སྤྱི་ཚོགས་དང་སྒྲིག་འཛུགས་ལ་ཞབས་ཞུ་སྒྲུབ་ཐུབ་ཐབས་གནང་རོགས།  ཞེས་སོགས་གསུངས་སོང་།

གསར་འགོད་པ།  སྐལ་བཟང་སྤྱིན་པ།

བསྐྱར་བཅོས།: ༢༠༡༨/༠༣/༢༨

Leave a Reply

3 thoughts on “རྩྭ་བཟང་ས་དང་ཆུ་ཡག་ས་རུ་མ་ཕྱིན་པར་སོ་སོའི་སྤྱི་ཚོགས་ནང་ཞབས་ཞུ་སྒྲུབ་རོགས།

  1. བདེན་སྐྱོབ།

    རྩྭ་བཟང་ས་དང་ཆུ་བཟང་སར་མ་སོང་ཟེར། གཏམ་འདི་སྙན་མོ་ཞིག་རེད། བོད་མི་ཆིག་སྟོང་རྩྭ་ཆུ་འཛོམས་སར་སྐྱེལ་འདྲེན་བྱས་པའི་ཉིན་དེ་ནས། འཐབ་རྩོད་ཀྱི་ཐབ་ཁ་གྲང་ཤུར་ཤུར་དུ་གྱུར་འགོ་ཚུགས་རེད། ཉིན་དེ་ནས་ཕྱི་ཚུལ་གྱི་འཐབ་རྩོད་ཉིན་རེའི་མཛེས་རྒྱན་དུ་གྱུར། ནང་གི་དབང་པོ་ཆ་ཚང་ཉམས་ཏེ་ནུས་མེད་ཅིག་ཏུ་གྱུར་ཀྱང། ལྷན་ཁེབས་ཀྱི་སྟེང་དུ་ལྷན་ཁེབས་གཡོག་ཏེ། ཕྱིར་མི་མངོན་པའི་ཐབས་བྱས། མ་འོངས་པའི་ཆེད་དུ་དཔལ་འབྱོར་ཡང་གལ་ཆེ། ཟེར་བའི་བཀའ་ཆོས་སྙན་མོ་ཁ་དཀྲིས་སར་སྤྱད་དེ་མི་སྣ་ཕྱི་ལ་སྐྱེལ་འདྲེན་བྱེད་པའི་ཐབས་བྱུས་སྤྱད་པ་ནས་བཟུང། སློབ་གྲྭ་ཁག་གི་ཚད་ལྡན་དགེ་རྒན། དགོན་སྡེ་ཁག་གི་གཞུང་ལུགས་རྐང་འཛིན་པ། གཞུང་ཞབས་ཤེས་འཇོན་ལྡན་པ་ཡོད་ཚད་ཀྱི་རྐུབ་ལ་མེ་ཚགས་བཙུགས་ཏེ་ཨུ་ཚུགས་ཀྱིས་ཕྱིར་འདྲེན་བྱས། དུས་འདི་ནས་གཅིག་སྒྲིལ་གྱི་འཐབ་ས་སྐྱེལ་
    འདྲེན་བབ་ཚུགས་ལ་གྱུར་སོང་བ་རེ། ཆང་ཧུབ་གང་འཐུང་ཐེངས་རེར། སུ་ཞིག་གིས་བོད་པའི་འཐབ་རྩོད་ཀྱི་ལོ་རྒྱུས་ཁྲོད་ཤོར་ཟིན་པའི་ནག་ཉེས་དེ་གླེང་གི་རེད་དམ། དེ་མ་གླེང་ཚེ། འཐབ་རྩོད་ཉམས་ཉེས་ཀྱི་ལོ་རྒྱུས་འགོ་ཚུགས་ས། ཕྱི་རབས་པ་ཚོས་ཤེས་ཆེད་ངེས་པར་དུ་གླེང་དགོས། དབུགས་མ་ཕྱིན་སྔོན་མ་གླེང་ན། ནམ་ཡང་ལོ་རྒྱུས་ཀྱི་ནག་ཉེས་འཇལ་ཡལ་དུ་སོང་ཉེན་ཆེ།

  2. གཞུང་པ་ཚེ་དབང་བསོད་ནམས་།

    སྨན་རྩིས་ཁང་སྒྲིག་འཛུགས་ནང་ཡོད་མཁན་ཚོ་རྩ་བཟང་ས་དང་ཆུ་ཞིམ་སར་མ་ཤོར་བའི་ཆེད་ཁྲིམས་དང་སྒྲིག་གཞི་གཏན་འབེབས་རྒྱུད་ནས་བཀག་དགོས་པ་ལས་འབོད་བསྐུལ་གནང་ནས་ཉན་མཁན་ཨ་ཡོད་།

    1. བསམ་པ་རྣམ་དག

      ལྷག་བསམ་མེད་ན་ཁྲིམས་དང་སྒྲིག་གཞི་ཟེར་བ་སྟོང་པ་རེད། དེས་ཉམས་ཆུང་ཚོ་མགོ་མནོན་ཙམ་ལས་གཞན་ཕན་ཐོགས་ཡོད་པ་མ་རེད། མགོ་བདེ་ཅན་ཚོ་སྔོན་མ་ནས་རྩ་བཟང་ས་ལ་རྐང་པ་གཡས་པ་སྤོས་ཟིན་པ་རེད།