༧ཀརྨ་པ་རིན་པོ་ཆེ་མཆོག་འབྲས་ལྗོངས་སུ་ཕེབས་པར་ཆོག་མཆན་གནང་འདུག

རྒྱ་གར་གཞུང་ནས་རུམ་བཏེག་དགོན་ཕུད་པའི་འབྲས་ལྗོངས་ནང་༧དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་ཕེབས་པར་ཆོག་མཆན་གནང་ཡོད་ཀྱང་ཁོང་དངོས་སུ་ཆིབས་བསྒྱུར་མ་གནང་བར་དུ་ཞི་འབོད་ཀྱི་ཟས་བཅད་ངོ་རྒོལ་མུ་མཐུད་ནས་གནང་རྒྱུ་ཡིན་འདུགཁ་སང་རྒྱ་གར་གཞུང་ནས་༧དཔལ་རྒྱལ་བ་ཀརྨ་པ་མཆོག་གདན་ས་རུམ་བཏེག་དགོན་ཕུད་པའི་འབྲས་ལྗོངས་ཀྱི་ས་གནས་ཁག་གང་སར་ཕེབས་ཆོག་པའི་ཆོག་མཆན་གནང་ཡོད་འདུག འདས་པའི་ལོ་མང་རིང་འབྲས་ལྗོངས་ཁུལ་གྱི་སེར་སྐྱ་མི་མང་གིས་༧དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་འབྲས་ལྗོངས་ནང་ཕེབས་པར་ཆོག་མཆན་འཐོ་ཆེད། ཟས་བཅད་ངོ་རྒོལ་དང་སྐད་འབོད་ཁྲོམ་སྐོར་སོགས་ཀྱི་ལས་འགུལ་རྒྱུན་མ་ཆད་པར་སྤེལ་ཡོད་པ་མ་ཟད། འདས་པའི་ལོ་གཉིས་ཀྱི་ནང་རྒྱ་གར་ནང་སྲིད་ལས་ཁུངས་དང་སྲིད་བློན་ལས་ཁུངས་བཅས་ལ་ཞུ་སྙན་ ༣༥ ལྷག་ཕུལ་ཡོད་འདུག

འདས་ལོའི་ཕྱི་ཟླ་ ༥ པའི་ནང་རྒྱ་གར་ནང་སྲིད་ལས་ཁུངས་ནས་༧རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་གདན་ས་རུམ་བཏེག་དགོན་ཕུད་པའི་རྒྱ་གར་གྱི་མངའ་ཁོངས་ས་གནས་གང་དུ་ཕེབས་དགོས་ཀྱང་། དབུས་གཞུང་ནས་ཆོག་མཆན་ཞུ་མི་དགོས་པར་རང་དབང་གིས་ཕེབས་ཆོག་པ་དགོས་པའི་སྙན་ཞུ་ཞིག་རྒྱ་གར་དབུས་གཞུང་གི་ཆེས་མཐོའི་བདེ་འཇགས་ལྷན་ཚོགས་ལ་ཕུལ་བ་བརྒྱུད་དེ་བཞིན་ཆོག་མཆན་ཐོབ་པ་ཞིག་ཡིན་འདུག

འབྲས་ལྗོངས་ནང་པའི་མཐུན་ཚོགས་ཀྱི་གྲོས་ཚོགས་འཐུས་མི་དགེ་འདུན་པ་བསོད་ནམས་བླ་མ་ལགས་ཀྱིས།   ཕྱི་ཚེས་ ༢༩ ཉིན་ང་ལ་རྒྱ་གར་དབུས་ནང་སྲིད་ལས་ཁུངས་ནས་རུམ་བཏེག་དགོན་པ་ཕུད་པའི་༧རྒྱལ་དབང་ཀརྨ་པ་མཆོག་འབྲས་ལྗོངས་ནང་ཕེབས་པར་ཆོག་མཆན་ཐོབ་ཡོད་སྐོར་གྱི་གནས་ཚུལ་འབྱོར་སོང་བས།  འབྲས་ལྗོངས་ལ་མཚོན་ན་འདི་ནི་དགའ་འོས་པའི་གནས་ཚུལ་ཞིག་ཡིན།  ཞེས་བརྗོད་ཡོད་འདུག

ཡང་ཁོང་གིས་རྒྱ་གར་གཞུང་ནས་༧རྒྱལ་དབང་ཀརྨ་པ་མཆོག་འབྲས་ལྗོངས་ནང་ཕེབས་པར་ཆོག་མཆན་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས།   ༧དཔལ་རྒྱལ་བ་ཀརྨ་པ་མཆོག་འབྲས་ལྗོངས་ནང་ཞབས་སོར་དངོས་སུ་མ་འཁོད་བར་དུ་གྲྭ་བ་བརྒྱ་ལྷག་ནས་ཟས་བཅད་ངོ་རྒོལ་མུ་མཐུད་གནང་རྒྱུ་ཡིན་སྐོར་བརྗོད་ཡོད།

རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་ཏུ། རྒྱ་དཀར་ནག་བར་གྱི་དཀའ་རྙོག་གིས་ད་བར་དུ་༧དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་འབྲས་ལྗོངས་ནང་ཕེབས་པར་རྒྱ་གར་གཞུང་ནས་ཆོག་མཆན་ཕུལ་མེད་པ་དང་།  རྒྱ་དཀར་ནག་གཉིས་ནས་༧དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་ནི་མ་འོངས་བོད་ཀྱི་གནད་དོན་ཐད་ཧ་ཅང་གནད་འགག་ཆེན་པོར་ངོས་འཛིན་ཞུ་ཡི་ཡོད་སྐོར་དང་། ཕྱི་ལོ་ ༡༩༦༠ ལོར་༧ཀརྨ་པ་སྐུ་ཕྲེང་བཅུ་དྲུག་པ་མཆོག་གིས་རུམ་བཏེག་དགོན་ནམ་ཆོས་འཁོར་གླིང་འབྲས་ལྗོངས་ཀྱི་རྒྱལ་ས་སྒང་ཏོག་ནས་སྤྱི་ལེ་ ༢༤ ཙམ་གྱི་སར་ཕྱག་བཏབ་ཡོད་པ་དང་། ཕྱི་ནང་གི་རྐྱེན་དུ་མའི་དབང་གིས་ཕྱི་ལོ་ ༡༩༩༤ ལོ་ནས་བཟུང་རྒྱ་གར་གཞུང་ནས་རུམ་བཏེག་དགོན་དུ་ཆིབས་བསྒྱུར་བཀག་སྡོམ་བྱས་ཡོད་འདུག

གསར་འགོད་པ། སྐལ་བཟང་སྤྱིན་པ།

བསྐྱར་བཅོས།: ༢༠༡༨/༠༣/༣༠

Leave a Reply

One thought on “༧ཀརྨ་པ་རིན་པོ་ཆེ་མཆོག་འབྲས་ལྗོངས་སུ་ཕེབས་པར་ཆོག་མཆན་གནང་འདུག

  1. གཞུང་པ་ཚེ་དབང་བསོད་ནམས་།

    སྒྲུབ་རྒྱུད་བསྟན་པའི་སྲོག་ཤིང་དཔལ་རྒྱལ་དབང་ཀརྨ་པ་སྐུ་ཕྲེང་བཅུ་དྲུག་པ་ཆེན་པོ་མཆོག་གི་ཕྱག་བཏབ་པའི་རུམ་སྟེག་དགོན་དུ་རྒྱལ་དབང་སྐུ་ཕྲེང་བཅུ་བདུན་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་ཕེབས་མི་ཆོག་པའི་བཀའ་ཁྱབ་དེ་ནི་རྒྱ་གར་གཞུང་ནས་ནོར་བུ་རང་ལ་ཡོད་དུས་ནོར་ཉམས་མ་ཆོད་པ་མ་རེད་དམ་།