བརྩམས་སྒྲུང་རྩོམ་པ་པོ་ནག་པོ་སྐལ་བཟང་སྐུ་གྲོངས།

བོད་ཀྱི་བརྩམས་སྒྲུང་རྩོམ་པ་པོ་དང་བོད་རྒྱ་ལོ་ཙཱ་བ་ནག་པོ་སྐལ་བཟང་ལགས་ཕ་ཡུལ་དུ་སྐུ་གྲོངས་ཡོད་པས་བོད་ཕྱི་ནང་གཉིས་ཀྱི་ཤེས་ཡོན་པ་དང་རྩོམ་པ་པོ་མང་པོས་ཁོང་ལ་མྱ་ངན་ཞུ་བཞིན་འདུག

ཁ་སང་ཕྱི་ཚེས་ ༤ ཉིན་བོད་ཀྱི་བརྩམས་སྒྲུང་རྩོམ་པ་པོ་དང་། རྩོམ་རིག་དཔྱད་བརྗོད་པ་གངས་རྒྱན་ན་ཆུང་ཚགས་པར་གྱི་རྩོམ་སྒྲིག་པ་ཟུར་པ་ནག་པོ་སྐལ་བཟང་ལགས་ཁོང་རང་གི་ཕ་ཡུལ་རེབ་གོང་དུ་སྐུ་གྲོངས་ཡོད་སྟབས། བོད་ཕྱི་ནང་གཉིས་ཀྱི་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་ཤེས་ཡོན་པ་དང་། ལྷག་པར་དུ་རྩོམ་པ་པོ་མང་པོས་ཁོང་གི་བརྩམས་ཆོས་དང་མཛད་རྒྱས་རྣམས་ཀྱི་ཐོག་བགྲོ་གླེང་དང་། ཁོང་གི་འདྲ་པར་སོགས་བཀྲམ་ཏེ་མྱ་ངན་གུས་འདུད་ཞུ་བཞིན་འདུག

འདི་གའི་གསར་འགོད་པས་ཁོང་དང་འབྲེལ་ཡོད་རྩོམ་པ་པོ་ཞིག་ལ་ཁོང་ག་འདྲ་གྲོངས་སྐོར་སྐད་ཆ་དྲིས་པར། ཁོང་གྲོངས་རྐྱེན་གསལ་བོ་ཞིག་ཤེས་རྟོགས་བྱུང་མ་སོང་། གྲོངས་ས་དེ་ཁོང་རང་གི་ཕ་ཡུལ་རེབ་གོང་ཡིན་འདུག ངས་ཀྱང་ཁོ་གྲོངས་རྐྱེན་ཅི་ཡིན་སྐོར་ལ་འབྲེལ་ཡོད་ཚོར་སྐད་ཆ་དྲིས་མོད་གསལ་བོ་ཤེས་མཁན་མི་འདུག ཅེས་བརྗོད་བྱུང་།

རྩོམ་པ་པོ་ནག་པོ་སྐལ་བཟང་ལགས་ནི་ཕྱི་ལོ་༡༩༥༥ ལོར་རེབ་གོང་གླིང་རྒྱ་སྡེ་བར་སྐྱེས་ཤིང་། ཆུང་དུས་ནས་བོད་རྒྱའི་སློབ་གྲྭར་འགྲིམས་མྱོང་ཡོད་པ་དང་། ཕྱི་ལོ་༡༩༨༢ ལོར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་ནས་སློབ་མཐར་ཕྱིན་རྗེས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་དུ་རྩོམ་སྒྲིག་པའི་ལས་དོན་བསྒྲུབས་ཡོད་པ་དང་།  ཁོང་གིས་བོད་ཡིག་གི་ལམ་ནས་༼བྲེད་ཤ་ལངས་པའི་མཚར་གཏམ་༽སོགས་སྒྲུང་ཐུང་དང་དཔྱད་རྩོམ་བཅུ་ལྷག་སྤེལ་ཡོད་པ་མ་ཟད། སྒྲུང་རིང་༼ཀླུ་འབུམ་མི་རྒོད་༽དང་༼དམྱལ་ཟངས་ནང་ན་ཀུ་རེ་མེད་༽ཞེས་པ་སོགས་པར་བསྐྲུན་གནང་ཡོད་འདུག དེ་བཞིན་རྒྱ་ཡིག་གི་ལམ་ནས་༼བོད་མིའི་བྱུང་བ་བརྗོད་པ་༽དང་བོད་ཀྱི་མི་གྲངས།༽ ༼གླིང་རྗེ་གེ་སར་རྒྱལ་པོ་༽དང་༼གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་༽སོགས་དཔྱད་རྩོམ་བཅུ་ལྷག་བརྩམས་ཡོད་འདུག གླིང་རྗེ་གེ་སར་རྒྱལ་པོ་དང་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་ལ་རྒྱ་ནག་རྒྱལ་ཡོངས་ཀྱི་ཕུལ་བྱུང་བྱ་དགའ་ཐོབ་ཡོད་པ་དང་།  རྒྱ་ཡིག་དང་བོད་ཡིག་སྦྲགས་མ་བྱས་ཏེ་བོད་བརྒྱུད་ནང་བསྟན་ལྷ་རིས་སྒྱུ་རྩལ་ལ་རྒྱལ་ཡོངས་ཀྱི་བྱ་དགའ་ཨང་དང་པོ་ཐོབ་པ་དང་། བོད་ཀྱི་ལྷ་རིས་ཐིག་རྩལ་ལ་རྒྱ་ནག་རྒྱལ་ཡོངས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ་མྱོང་ཡོད་འདུག

བསྐྱར་བཅོས།: ༢༠༡༨/༠༤/༠༥

Leave a Reply

2 thoughts on “བརྩམས་སྒྲུང་རྩོམ་པ་པོ་ནག་པོ་སྐལ་བཟང་སྐུ་གྲོངས།

  1. ཉི༌མ༌སྐལ༌བཟང༌

    ཡིད༌སྐྱོ༌བ༌དང ༌ཁོང༌གི༌ལག༌བརྗེས༌འཛམ༌གླིང༌འབུལ༌བ༌ནི༌ཆེ༌ལྕིད༌པ༌དང༌འོས༌པ༌ཡིན༌།
    གངས༌ལྗོངས༌སུ༌ལེགས༌སྐྱེད༌གནང༌མཁན༌རྩོམ༌པ༌པོ༌།. རིགས༌ལ༌དགའ༌བའི ལག༌བརྗེས༌བཞགས༌སྟེ༌འདས༌།
    མུན༌ནག༌གླིང༌འདིར༌འོད༌སྣང༌ཅུང༌འབུལ༌བ༌སྤྲོ༌། སྐུ༌ཉིད༌སླར༌གངས༌ལྗོངས༌བསུ༌བ༌ཞུ༌།

    1. ཉི༌མ༌སྐལ༌བཟང༌

      མི༌ལ༌ཡོད༌པའི༌རིན༌ཆེན༌བློ༌གྲོས༌དེ༌འཛམ༌གླིང༌སྐྱོ༌བོ༌ཀུན༌ལ༌ཕན༌པའི༌རིན༌ཆེན༌གཏེར༌།. རྣམ༌དཔྱོད༌རིན༌ཆེན༌གསེར༌དང༌འདྲ༌བའི༌རིང༌ཐང༌དེ༌ལམ༌ནོར༌ཀྱོག༌ཀྱོག༌དབང༌དུ༌མ༌སོང༌བར༌།. རང༌གི༌རང༌ཡིད༌ཆེད༌སྤོ༌བ༌དགའ༌སྤྲོ༌དཔགས༌མེད༌དང༌ཞུམ༌མེད༌དྲང༌བདེན༌ཕྱོགས༌སུ༌འགྲོ༌བ༌ཤོག དེ༌ལྟར༌བསམ༌པའི༌མི༌ཡི༌བློ༌གྲོས༌དེ༌བྱང༌ཆུབ༌སེམས༌ཀྱི༌ཕྱོགས༌སུ༌བསྐྱོད༌པའི༌སྐལ༌བཟང༌ཤོག