ལྷོ་ཀོ་རི་ཡའི་སྲིད་འཛིན་ཟུར་པར་ལོ་ ༢༤ ཁྲིམས་ཆད་བཅད།

ལྷོ་ཀོ་རི་ཡའི་ཆེས་མཐོའི་ཁྲིམས་ཁང་གིས་སྲིད་འཛིན་ཟུར་པ་ལྕམ་ཕར་ཅིན་ཧའེ་ཡིས་ལྐོག་རྔན་སྤྲོད་ལེན་དང་རྒྱལ་ཁབ་ཀྱི་གསང་བ་ཕྱིར་གྱར་བ་སོགས་ཀྱི་ཉེས་མིང་འོག་ལོ་༢༤ ཡི་བཙོན་འཇུག་ཁྲིམས་ཐག་བཅད་འདུགདེ་རིང་ལྷོ་ཀོ་རི་ཡའི་སྲིད་འཛིན་ཟུར་པ་ལྕམ་ཕར་ཅིན་ཧའེ་ (Park Geun-hye) ལ་རྒྱུ་ནོར་ལྐོག་ཟ་དང་ཆབ་སྲིད་མི་སྣའི་བར་ལ་ལྐོག་རྔན་སྤྲོད་རེས། དེ་བཞིན་རྒྱལ་ཁབ་ཀྱི་གསང་བའི་ཡིག་ཆ་ཕྱིར་གྱར་བ་དང་དབང་ཆ་ལོག་སྤྱོད་ཀྱིས་གཞན་ལ་ལས་དོན་བཙན་བསྐུལ་བྱས་པ་བཅས་ཀྱི་ཉེས་མིང་འོག ལོ་༢༤ ཡི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་སྟབས། མོའི་རྒྱབ་སྐྱོར་བ་བརྒྱ་ཕྲག་མང་པོས་ཁྲིམས་ཁང་གི་མདུན་དུ་ངོ་རྒོལ་སྐད་འབོད་བྱས་ཡོད་འདུག

ཕྱི་ལོ་༢༠༡༦་ལོའི་ཟླ་༡༢ ཚེས་ ༩ ཉིན་ལྷོ་ཀོ་རི་ཡའི་གྲོས་ཚོགས་ནང་ལྕམ་ཕར་ཅིན་ཧའེ་ཡིས་སྲིད་དབང་སྒེར་སྤྱོད་དང་ལྐོག་རྔན་སྤྲོད་ལེན་བྱས་པའི་དོགས་གཞི་གླེང་སློང་བྱུང་སྟེ། སྲིད་འཛིན་ལས་ཁུངས་ནས་མོ་གནས་དབྱུང་གཏོང་དགོས་མིན་འོས་ཤོག་བླུགས་སྐབས། འཐུས་མི་་༢༣༤ ཡིས་གནས་དབྱུང་གཏོང་དགོས་པར་རྒྱབ་སྐྱོར་དང་། འཐུས་མི་ ༥༦ གིས་གནས་དབྱུང་གཏོང་མི་དགོས་པར་རྒྱབ་སྐྱོར་བྱས་ཏེ་མང་མོས་ཐོག་གནས་དབྱུང་བཏང་ཡོད་འདུག

ལོ་དེར་ལྷོ་ཀོ་རི་ཡའི་ནང་མི་གྲངས་ས་ཡ་༡།༧ ལྷག་འདུ་འཛོམས་ཀྱིས་མོ་ལ་ཁྲིམས་ཞིབ་བྱེད་དགོས་པའི་ངོ་རྒོལ་ཤུགས་ཆེན་བྱས་པར་བརྟེན། ལྷོ་ཀོ་རི་ཡའི་གྲོས་ཚོགས་ནས་ཁྲིམས་ཞིབ་བཀའ་འཁྲོལ་ཐོབ་སྟེ་དམིགས་བསལ་ཆེད་ལས་རྟོག་ཞིབ་ཚོགས་ཆུང་ཆེད་འཛགུས་ཀྱིས། ལྕམ་ཕར་ཅིན་ཧའེ་ལགས་ཡུལ་དེའི་རྒྱལ་ས་སོལ་གྱི་ཉེ་འགྲམ་དུ་ཡོད་པའི་བཀག་ཉར་ཁང་ཞིག་ཏུ་བཅུག་སྟེ་འདྲི་བརྩད་བྱས་ཡོད་འདུག

རང་ལོ་ ༦༦ ཡིན་པའི་ལྕམ་ཕར་ཅིན་ཧའེ་ལགས་ཀྱི་ཁྲིམས་བཤེར་གྱོད་དོན་གཙོ་བོ་ནི།  མོས་རང་གི་གྲོགས་མོ་ཆཱོ་སོན་སཱེལ་ (Choi Soon-sil) དང་སྲིད་འཛིན་ལས་རོགས་གཉིས་ལ་ངན་འབྲེལ་བྱས་པ་དང་། མོའི་གྲོགས་མོ་དང་ལས་རོགས་གཉིས་ཀྱིས་སྲིད་འཛིན་རྒྱབ་དཔུང་དུ་འཁུར་ཏེ་ལྷོ་ཀོ་རི་ཡའི་ཚོང་གཉེར་ཁང་ཆེ་ཁག་གིས་ཐེབས་རྩ་ཁང་གཉིས་ལ་རོགས་དངུལ་སྤྲོད་དགོས་པའི་གནོན་ཤུགས་སྤྲད་པ་དང་། རོགས་དངུལ་དེས་ལྕམ་ཕར་ཅིན་ཧའེ་ཡི་ཆབ་སྲིད་སྲ་བརྟན་དང་དབང་ཤུགས་ཆེ་རུ་གཏོང་ཐབས་བྱས་པ། དེ་བཞིན་ལྕམ་ཕར་ཅིན་ཧའེ་ཡིས་གློག་འཕྲུལ་ཚོང་གཉེར་ཚོགས་པ་(Samsung Group) ནས་ལྐོག་རྔན་བླངས་བའི་ནག་ཉེས་ཀྱང་ཕོག་ཡོད་འདུག

དེ་རིང་ལྕམ་ཕར་ཅིན་ཧའེ་ཡི་རྒྱབ་སྐྱོར་བ་བརྒྱ་ཕྲག་མང་པོས་ལྷོ་ཀོ་རི་ཡའི་རྒྱལ་དར་ལག་ཏུ་བཟུང་ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་སྒོ་ཁར་འཛོམས་ཏེ། ལྕམ་ཕར་ལགས་ཀྱི་གནད་དོན་དང་འབྲེལ་ནས་ཆབ་སྲིད་ཀྱི་དགྲ་ཤ་ལེན་རེས་བྱེད་མཚམས་འཇོག་དགོས་པ་དང་། ཉེས་མེད་ཀྱི་སྲིད་འཛིན་ཁོང་ལ་ཁྲིམས་བཤེར་དྲང་པོ་དང་ངོ་རྒོལ་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད་འདུག

ལྕམ་ཕར་ཅིན་ཧའེ་ལགས་ནི་ཆབ་སྲིད་མཐོ་རིམ་མི་སྣའི་ཁྱིམ་རྒྱུད་ཅིག་ཡིན་ཞིང་། ཕྱི་ལོ་༢༠༡༣་ལོ་ནས་ལྷོ་ཀོ་རི་ཡའི་སྲིད་འཛིན་དུ་གདམས་ཐོན་བྱུང་སྟེ། ལྷོ་ཀོ་རི་ཡའི་སྲིད་འཛིན་ཐེངས་ ༡༡་པ་དང་བུད་མེད་སྲིད་འཛིན་ཐོག་མ་དེ་ཡིན་པ་མ་ཟད།  མོ་ནི་ཨེ་ཤ་ཡའི་བྱང་ཤར་རྒྱལ་ཁབ་དག་ལས་བུད་མེད་སྲིད་འཛིན་འོ་ཐོག་མ་དེ་ཆགས་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༤/༠༦

Leave a Reply

2 thoughts on “ལྷོ་ཀོ་རི་ཡའི་སྲིད་འཛིན་ཟུར་པར་ལོ་ ༢༤ ཁྲིམས་ཆད་བཅད།

  1. གཞུང་པ་ཚེ་དབང་བསོད་ནམས་།

    དཔོན་ངན་འབངས་ཀྱི་གཉའ་གནོན་རེད་།
    རྒྱུ་འབྲས་ལག་པའི་ཐིལ་ཏུ་གསལ་།
    ཟ་སེམས་ཆེ་བའི་དཔོན་ངན་ཚོ་།
    ཉེན་བརྡ་འདི་ན་བསྟན་འདུག་གོ་།