ཆབ་སྲིད་ནག་ཉེས་ཡོད་ན་ཁམས་དཀར་སྦྱིན་པ་གཏོང་མི་ཆོག

རྒྱ་ནག་ནང་སྦྲུམ་སྦུག་ཚན་རྩལ་ལ་བརྟེན་ནས་ཕྲུ་གུ་གསོ་ཆེད་སྐྱེས་པའི་ཁམས་དཀར་མང་པོ་ཞལ་འདེབས་ཀྱི་མིང་ཐོག་ནས་འཚོལ་སྡུད་བྱས་ཏེ་ནག་ཚོང་བྱེད་ཀྱི་ཡོད་འདུགརྒྱ་ནག་ལྷོ་བརྒྱུད་ཞོགས་པའི་ཆ་འཕྲིན་གྱིས་སྤེལ་བའི་གནས་ཚུལ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༥ ཉིན་ནས་རྒྱ་ནག་པེ་ཅིང་གཙུག་ལག་སློབ་ཆེན་གྱིས། འདི་ལོའི་ཕྱི་ཟླ་༥ པའི་ནང་བར་སྐྱེས་པའི་ཁམས་དཀར་འཚོལ་སྡུད་ཀྱི་ལས་གཞི་ཞིག་སྤེལ་གྱི་ཡོད་པ་དང་། ལས་གཞི་དེ་རྒྱ་ནག་གི་སྨན་ཁང་ཁག་མང་པོ་ཞིག་གིས་ཀྱང་སྤེལ་གྱི་ཡོད་པ་དང་སྦྲགས། རྒྱ་ནག་གཞུང་ཕྱོགས་ནས་སྨན་ཁང་ཁག་ལ་བཀོད་ཁྱབ་ཅིག་བཏང་བའི་ནང་། ཁམས་དཀར་སྤྲོད་མཁན་ཚོ་ངེས་པར་དུ་ལོ་ ༢༠ སྒང་དུ་ཡོད་དགོས་པ་དང་། འཕྲོད་བསྟེན་དཀའ་ངལ་སོགས་ཀྱིས་སྐྲ་ཤུད་མཁན་དང་མིག་མདངས་ཉམས་པ། ལྗིད་ཚད་ཀྱི་དཀའ་ངལ་ཅན། དེ་བཞིན་ཆབ་སྲིད་ནག་ཉེས་མེད་པའི་ཐོག་དམར་ཕྱོགས་ཚོགས་པའི་ཆབ་སྲིད་ལངས་ཕྱོགས་དང་མཐུན་པ། རྒྱལ་ཁབ་ལ་དགའ་ཞེན་ཡོད་མཁན་ཞིག་ཡིན་དགོས། གལ་སྲིད་དེ་ལྟར་མ་ཡིན་ཚེ་ཁམས་དཀར་སྤྲད་ན་ཁྲིམས་འགལ་ཆགས་ཀྱི་ཡོད་པའི་བཀའ་རྒྱ་བསྒྲགས་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༥ ཉིན་ནས་སྤེལ་བའི་རྒྱ་ནག་པེ་ཅིང་གཙུག་ལག་སློབ་ཆེན་གྱི་སྐྱེས་པའི་ཁམས་དཀར་འཚོལ་སྡུད་ཀྱི་ལས་འགུལ་སྐོར་གྱི་གསལ་བརྡའི་ནང་དུ། སྲིད་གཞུང་གི་བཀོད་ཁྱབ་གཞིར་བཟུང་གིས་ཁམས་དཀར་སྤྲོད་མཁན་ཚོར་འཕྲོད་བསྟེན་གྱི་དཀའ་ངལ་མེད་པ་གང་ཞིག་ལ་སྤྱི་ཚོགས་རིང་ལུགས་དང་དམར་ཤོག་ཚོགས་པར་བློ་གཅིག་སེམས་གཅིག་གིས་དགའ་ཞིང་། དམར་ཤོག་ཚོགས་པའི་ཁྲིམས་དང་མཐུན་པ། ཁྲིམས་འགལ་གྱི་ནག་ཉེས་སོགས་གང་ཡང་མེད་པ་ཞིག་ཡིན་དགོས་པའི་ཆ་རྐྱེན་བཏོན་ཡོད་འདུག

པེ་ཅིན་གཙུག་ལག་སློབ་ཆེན་འཕྲོད་བསྟེན་སྡེ་ཁག་གི་སྨན་པ་ཞིག་གིས། ད་ལྟ་བར་དུ་ཁོ་ཚོར་ཁམས་དཀར་སྤྲོད་མཁན་ལས་བརྒྱ་ ༢༠ ལྷག་ལ་ཆབ་སྲིད་ཀྱི་གནད་དོན་མེད་ཅིང་ཁམས་དཀར་གྱི་སྤུས་ཚད་སོགས་ཏག་ཏག་བྱུང་ཡོད་པ་དང་། གལ་ཏེ་ཆབ་སྲིད་ཀྱི་གནད་དོན་ཡོད་པ་ཡིན་ན་བརྟག་དཔྱད་བྱེད་ཀྱི་མེད་སྟབས། ཁམས་དཀར་སྤྲོད་མཁན་དོ་བདག་ལ་ཆ་རྐྱེན་ཚང་གི་མེད་ཚེ་བརྟག་དཔྱད་བྱེད་དུ་ཡོང་གི་མ་རེད་བསམ་གྱི་ཡོད་སྐོར་བརྗོད་འདུག

རྒྱ་ནག་གི་སྨན་ཁང་མང་པོས་ཞལ་འདེབས་ཀྱི་མིང་གཡར་ནས་སྐྱེས་པའི་ཁམས་དཀར་གྱིས་ནག་འཚོང་བྱེད་པའི་ལམ་སྲོལ་ཞིག་ཤུགས་ཆེན་དར་གྱི་ཡོད་པ་དང་།  ཁམས་དཀར་བཙོང་མཁན་སྐྱེས་པ་ཚོར་སྨན་ཁང་ནས་བརྟག་དཔྱད་ཐེངས་གཉིས་ལ་བྱེད་དགོས་པ་དང་། དང་པོ་ཁམས་དཀར་གྱི་སྤུས་ཚད་དང་གཉིས་པ་མི་དེས་སྤྱིར་བཏང་གི་འཕྲོད་བསྟེན་ལུས་ཁམས་ལ་བརྟག་དཔྱད་བྱེད་ཀྱི་ཡོད་འདུག གལ་ཏེ་སྐྱེས་པ་ཞིག་གི་ཁམས་དཀར་ལ་བརྟག་དཔྱད་ཀྱིས་ལེགས་འགྲུབ་བྱུང་བ་ཡིན་ན། རྒྱ་སྒོར་ཉིས་བརྒྱ་དང་ཁམས་དཀར་དེ་ཁམས་དམར་དང་མཉམ་འདྲེས་བྱེད་ཐུབ་པ་བྱུང་བ་ཡིན་ན་རྒྱ་སྒོར་ ༥༥༠༠ སྤྲོད་ཀྱི་ཡོད་འདུག

པེ་ཅིན་ན་གཞོན་ཉིན་རེའི་གསར་ཁང་(Beijing Youth Daily News)གིས་སྤེལ་བའི་གནས་ཚུལ་ནང་། ན་ནིང་ད་ལོར་རྒྱ་ནག་གི་སྨན་ཁང་ཚོས་སྐྱེས་པའི་ཁམས་དཀར་འཚོལ་བསྡུ་ཤུགས་ཆེན་བྱེད་བཞིན་ཡོད་པ་དང་། དེ་ནི་རྒྱ་ནག་གཞུང་གིས་འཆར་ལྡན་བུ་སྐྱེས་ཀྱི་སྲིད་བྱུས་ལ་བསྐྱར་བཅོས་བཏང་བས་ཡིན་སྐོར་བརྗོད་ཀྱི་འདུག གནས་ཚུལ་དེའི་ནང་རྒྱུ་མཚན་ཅི་ཡིན་གསལ་པོ་བརྗོད་མེད་ཀྱང་། གནད་དོན་དབྱེ་ཞིབ་པ་ཚོས་བརྗོད་ན། རྒྱ་གཞུང་གི་འཆར་ལྡན་བུ་སྐྱེས་ཀྱི་སྲིད་བྱུས་ཡུན་རིང་ལག་བསྟར་བྱས་ཏེ་བུད་མེད་མང་པོ་ཞིག་ལ་བུ་ཕྲུག་གཅིག་མ་གཏོགས་སྐྱེས་པའི་གོ་སྐབས་བྱུང་མེད་པ་དང་། འཆར་ལྡན་བུ་སྐྱེས་ཀྱི་སྲིད་བྱུས་ལ་བསྐྱར་བཅོས་བྱུང་སྐབས་ཕ་མ་མང་པོར་བྱིས་པ་གཉིས་གསོ་བའི་འདོད་པ་ཡོད་ཀྱང་། བུད་མེད་ཀྱི་ལུས་ཟུང་ཟད་དེ་མངལ་སྦྲུམ་མ་ཐུབ་པའི་དཀའ་ངལ་འཕྲད་བཞིན་ཡོད་སྟབས། སྦྲུམ་སྦུག་ཚན་རྩལ་ལ་བརྟེན་ནས་ཁམས་དཀར་དམར་གཉིས་འདྲིས་སུ་བཅུག་རྗེས། བུད་མེད་ཀྱི་མངལ་དུ་འཇོག་པའི་ལམ་སྲོལ་ཞིག་རྒྱ་ནག་ནང་ཤུགས་ཆེན་དར་བཞིན་ཡོད་འདུགརྒྱ་ནག་གི་སྦྲུམ་སྦུག་ཚན་རྩལ་ལ་བརྟེན་ནས་སྐྱེས་པའི་བྱིས་པ་དང་པོ་སྟེ་བུ་མོ་ཀྲིན་མིན་ཀྲུའུ་ (Zheng Mengzhu)ནི་ཕྱི་ལོ་ ༡༩༨༨ ལོར་པེ་ཅིན་གཙུག་ལག་སློབ་ཆེན་གྱི་སྨན་ཁང་ཨང་གསུམ་པའི་ནང་དུ་བདེ་ལེགས་ངང་སྐྱེས་ཏེ། ད་ལྟ་རང་ལོ་ ༣༠ ཡིན་འདུག ལོ་རྒྱུས་ལྟར་ན། འཛམ་གླིང་ཐོག་གི་སྦྲུམ་སྦུག་ཚན་རྩལ་གྱིས་བསྐྱེད་པའི་བྱིས་པ་དང་པོ་ནི་དབྱིན་ཡུལ་ནས་སྐྱེས་པའི་ལོ་སི་བྷོན་(Louise Brown)ཞེས་པའི་བུ་མོ་ཞིག་ཡིན་པ་དང་། ཕྱི་ལོ་ ༡༩༧༨ ལོ་ནས་ད་ལྟའི་བར་དུ་འཛམ་གླིང་ནང་ཁྱོན་བྱིས་པ་ས་ཡ་ ༥ ཡས་མས་སྦྲུམ་སྦུག་ཚན་རྩལ་ལ་བརྟེན་ནས་སྐྱེས་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༤/༠༧

Leave a Reply

One thought on “ཆབ་སྲིད་ནག་ཉེས་ཡོད་ན་ཁམས་དཀར་སྦྱིན་པ་གཏོང་མི་ཆོག

  1. གཞུང་པ་ཚེ་དབང་བསོད་ནམས་།

    ཁམས་དཀར་ཟེར་བའི་དོན་ངོ་མ་གང་ཡིན་གསལ་པོ་ཆགས་མ་སོང་ན་
    ཚང་མས་གོ་དོན་རྟོགས་ཐབས་སུ་གསལ་བཤད་ཐུབ་ན་དགེ་ཕན་ཆེ་།