དཔྱད་བརྗོད་དང་ལག་ལེན།

“སེམས་དང་སྲོག”ཚོགས་ཐེངས་སོ་གསུམ་པའི་ཉིན་ལྔ་པ། 

ཏིན་ཡི་ཧྥུ་དང་ལི་ཅང་ལིན་གྱིས་བརྩམས།
ལོ་མ་རྒྱལ་གྱིས་རྒྱ་ཡིག་ནས་བསྒྱུར།

དེ་རིང་ནི་སེམས་དང་སྲོག་ཚོགས་ཐེངས་སོ་གསུམ་པའི་ཉིན་མཐའ་མ་དེ་རེད།དེ་རིང་གི་བགྲོ་གླེང་གཙོ་སྐྱོང་བ་ནི་རོལ་དབྱངས་ཆེད་མཁས་པ། ཨོན-སི་ཊེན(Aaorn Stern)ལགས་རེད། ཁོ་རང་གིས་ཐོག་མར་ཐེངས་འདིའི་བགྲོ་གླེང་གི་གྲུབ་འབྲས་ཀྱི་སྐོར་དང་། ཚན་རིག་པ་དང་སློབ་གསོ་ཆེད་མཁས་པ་རྣམས་ལ་ཐེངས་འདིའི་བགྲོ་གླེང་གི་ཁྲོད་ནས་ཉམས་མྱོང་ཅི་ཞིག་བྱུང་བའི་སྐོར་ནས་མཇུག་སྡོམ་ཞིག་གནང་། ཁོས་བཤད་རྒྱུར། ང་ཚོས་དགེ་རྒན་རྣམས་ཀྱིས་སྦྱོང་བརྡར་སྤྲད་ཡོད་པའི་ལས་གཞི་རྣམས་ཀྱི་གལ་ཆེན་རང་བཞིན་དེ་ཤེས་ཡོད་ལ། སྤྱི་ཚོགས་རང་བཞིན་ཅན་དང་སེམས་སྦྱོང་སློབ་གསོའི་ལས་གཞི་འདི་ནི་རྒྱ་སྐྱེད་ཆོག་པ་ཞིག་ཡིན་པའང་ཤེས་ཀྱི་ཡོད་པར་མ་ཟད། བྱིས་པར་སློབ་གསོ་སྤྲོད་པར་ཐོག་མར་བྱིས་པའི་འཚར་ལོངས་དང་འབྲེལ་བའི་སེམས་ཀྱི་སྒོ་མོ་འབྱེད་པ་དེའང་ཤེས་ཡོད། ཁོས་དེ་ལྟར་མཇུག་སྡོམ་གནང་རྗེས། མཐའ་མའི་གསུང་བཤད་པ་གཉིས་ཀྱིས་གསུང་བཤད་ཀྱི་འགོ་བརྩམས།

དེ་རིང་གི་ཞབས་བཀྱག་ཚ་བོའི་སྟེང་དུ་སྡོད་མཁན་དང་པོ་ནི། སོ་ནེ་ཡ-ལོ་ཕིན(Sonia Lupien)ལགས་རེད། མོ་ནི་འགྲོ་བ་མིའི་རིགས་ཀྱི་སེམས་གཅོང་ཞིབ་འཇུག་ཁང་འཛུགས་མཁན་དང་། དེའི་འགན་འཛིན་རེད་ལ། མིའི་སེམས་གཅོང་གི་རྣམ་པ་དང་ཤུགས་རྐྱེན་གྱི་ཐད་ལ་ཆེད་དུ་ཞིབ་འཇུག་གནང་གི་འདུག སེམས་གཅོང་ཞིབ་འཇུག་ཁང་དེའི་དམིགས་ཡུལ་གཙོ་བོ་ནི། ངོས་ཟིན་ཐོབ་པའི་མིའི་སེམས་གཅོང་དང་འབྲེལ་བའི་གནས་ཚུལ་དག་མི་རྣམས་ལ་མཁོ་སྤྲོད་བྱས་ཏེ། འཚོ་བའི་ཁྲོད་ཀྱི་གནོན་ཤུགས(Stress)སོགས་ལ་ཇི་ལྟར་གདོང་ལེན་བྱེད་དགོས་པའི་ཐད་ནས་གྲོགས་བྱེད་པ་དེ་རེད། ལོ་ངོ་ཉེར་ལྔའི་རིང་དུ་ཞིབ་འཇུག་བྱས་པ་ལྟར་ན། མི་ལ་འབྱུང་བའི་གནོན་ཤུགས་ཀྱི་གྲུབ་ཆ་གཙོ་བ་ཞིག་ནི། གནོན་ཤུགས་ཧོར་མོན་སྐུལ་རྫས(Stress Hormones)ཞེས་པའི་རྫས་འདི་ཡིན་པར་བརྗོད། མོའི་ཞིབ་འཇུག་གི་གྲུབ་དོན་ལྟར་ན། བྱིས་པ་དང་དར་མ་ལ་གནོན་ཤུགས་ཧོར་མོན་སྐུལ་རྫས་ཀྱི་ཤུགས་རྐྱེན་གཅིག་མཚུངས་ཀྱིས་ཐེབས་ཀྱི་ཡོད་པ་དང་། ལྷག་པར་དུ་ལོ་ན་དྲུག་ཏུ་སོན་པའི་བྱིས་པར་གནོན་ཤུགས་ཧོར་མོན་སྐུལ་རྫས་དེ་ཚད་མཐོ་བོ་འབྱུང་གི་ཡོད་པར་བརྗོད་ཅིང་། ད་དུང་སྐུལ་རྫས་དེ་ཡིས་མིའི་དྲན་པ་དང་སློབ་སྦྱོང་གི་ནུས་པ་མངོན་གསལ་གྱིས་ཉམས་རྒུད་དུ་གཏོང་གི་ཡོད་པར་ཡང་བཤད་སོང་།

སོ་ནེ་ཡ-ལོ་ཕིན་གྱིས་གནོན་ཤུགས་ཧོར་མོན་གྱི་ཤུགས་རྐྱེན་སྐོར་གླེང་རྗེས། ༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་འདི་ལྟར་བཀའ་འདྲི་གནང་། དེ་རྫས་འགྱུར་གྱི་དངོས་པོ་ཞིག་ཡིན་ན། རྫས་འགྱུར་གྱི་དངོས་པོ་གཞན་ཞིག་སྤྱོད་པ་དང་། ཡང་ན། སྨན་རྫས་ཀྱིས་ཚད་མཐོ་བའི་གནོན་ཤུགས་དེ་སེལ་ཐུབ་ཀྱི་ཡོད་དམ། སོ་ནེ་ཡ-ལོ་ཕིན་གྱིས་འདི་ལྟར་ལན་བཏབས། ང་ཚོས་ཚོད་ལྟ་གནང་མྱོང་། གནོན་ཤུགས་ཧོར་མོན་སྐུལ་རྫས་དེ་ནི་ཆ་རྐྱེན་ངེས་ཅན་ཞིག་གི་འོག་ནས་འབྱུང་གི་འདུག དེར་བརྟེན། གནོན་ཤུགས་དེ་སེལ་བའི་སྨན་རྫས་དེས་ཀྱང་ཆ་རྐྱེན་ངེས་ཅན་ཞིག་གི་འོག་ནས་མ་གཏོགས་ནུས་པ་ཐོན་གྱི་མི་འདུག མིག་སྔར་གནོན་ཤུགས་དེར་གདོང་ལེན་བྱེད་པའི་ཐབས་ལམ་ཡག་ཤོས་དེ་ནི། གནོན་ཤུགས་ཉུང་དུ་གཏོང་བ་དེ་ཙམ་ཡིན། གནོན་ཤུགས་ཀྱིས་མིའི་ནུས་པ་ཉམས་པར་བྱེད་ཀྱི་འདུག གནོན་ཤུགས་ཧོར་མོན་སྐུལ་རྫས་ཀྱི་འབྱུང་རྐྱེན་ནི། གནོན་ཤུགས་རེད། གནོན་ཤུགས་དེས་ཁྱིམ་མི་དང་གཉེན་ཉེ་ཕན་ཚུན་ལའང་ཤུགས་རྐྱེན་ཐེབས་ཀྱི་ཡོད་པ་དང་། དཔེར་ན། ཁྱིམ་ཚང་དབུལ་བོ་ཞིག་ནས། ཨ་མའི་གནོན་ཤུགས་དེས་བྱིས་པར་ཤུགས་རྐྱེན་ཐེབས་ཀྱི་ཡོད།

སོ་ནེ་ཡ-ལོ་ཕིན་གྱིས་གནོན་ཤུགས་ཀྱི་གྲུབ་རྐྱེན་དང་ཤུགས་རྐྱེན་ངོ་སྤྲོད་གནང་རྗེས། སློབ་གྲྭའི་ནང་ནས་བྱིས་པའི་གནོན་ཤུགས་ཉུང་དུ་གཏོང་ཐབས་ཀྱི་སྦྱོང་བརྡར་དང་། བྱིས་པའི་གནོན་ཤུགས་ཧོར་མོན་སྐུལ་རྫས་ལ་བརྟག་དཔྱད་བྱས་ཏེ། སྦྱོང་བརྡར་དེའི་མཇུག་འབྲས་ཅི་བྱུང་གི་སྐོར་ངོ་སྤྲོད་གནང་། གཞན་ཡང་། དགེ་རྒན་ལའང་སྦྱོང་བརྡར་སྤྲད་དེ། སྔར་ལས་རང་འགུལ་གྱི་སྒོ་ནས་སློབ་མའི་གནོན་ཤུགས་ཉུང་དུ་གཏོང་བར་བྱས་འདུག སྦྱོང་བརྡར་འདིས་མི་དར་མའི་གནོན་ཤུགས་ཉུང་དུ་གཏོང་བར་ཡང་ཕན་གྱི་ཡོད་པར་བརྗོད། དེ་ནས་མོས། ལས་ཆུང་ཆུང་ཞིག་ཡིན་ནའང་། མ་འོངས་པའི་ས་བོན་དུ་འགྱུར་ཐུབ། ཅེས་པའི༸གོང་ས་ཏཱ་ལའི་བླ་མ་མཆོག་གི་གསུང་དེ་དྲངས།

མོས་གཏམ་བཤད་ཚར་ལ་ཉེ་སྐབས། མོ་རང་ནི་ཁ་ན་ཊ་ནས་བསླེབས་ཤིང་། འདིར་མ་ཡོང་བའི་སྔོན་དུ་མི་མང་པོ་ཞིག་གི་བསམ་ཚུལ་བསྡུ་རུབ་བྱས་པ་དང་། ༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་དྲི་བ་ཅི་ཞིག་འདྲི་རྒྱུ་ཡོད་མེད་དྲིས་ཤིང་། མོར་དྲི་བ་མང་པོ་ཞིག་འབྱོར་ནའང་། མང་ཤོས་ཀྱིས་དྲིས་པའི་དྲི་བ་དེ་བདམས་ཤིང་། ད་ལྟ༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་དྲི་བ་དེ་འདྲི་རྒྱུའི་འདི་དྲའི་གོ་སྐབས་བཟང་པོ་ཞིག་བྱུང་བ་ནི་ཧ་ཅང་དགའ་སྤྲོ་སྐྱེས་པ་ཞིག་རེད། ཅེས་བཤད་སོང་།

དྲི་བ་དེ་ནི། དེང་སང་མིའི་ནུས་པ་རྒྱ་ཆེར་འཕེལ་ཏེ་འཕྲུལ་མི་བཟོ་བའི་ལག་རྩལ་ཧ་ཅང་དར་འདུག གལ་ཏེ་འདི་ལྟར་མུ་མཐུད་ནས་དར་རྒྱས་སུ་སོང་ན། ཉིན་ཞིག་ཤེས་པ་དང་ལྡན་པའི་འཕྲུལ་མི་ཞིག་བཟོ་ཐུབ་བམ། ཞེས་པ་འདི་རེད། དྲི་བ་འདི་དྲིས་མ་ཐག་མང་ཚོགས་སྔར་ལས་གྲུང་ཆ་དོད་པོར་གྱུར་ཏེ། ༸གོང་ས་ཏཱ་ལའི་བླ་མ་མཆོག་གི་དགོངས་ཚུལ་ལ་རྣ་བ་བླགས་ཏེ་འདུག

དེ་ནས༸གོང་ས་ཏཱ་ལའི་བླ་མ་མཆོག་བཞད་ཞོར་དུ། ཤེས་པ་དང་ལྡན་པའི་འཕྲུལ་མི་བཟོ་རྒྱུ་ནི་ཧ་ཅང་ཁག་པོ་ཞིག་ཡིན་རྒྱུ་རེད། ཚན་རིག་པ་ཁ་ཤས་ཀྱིས་མིའི་ལས་ཀ་འཕྲུལ་མི་ཡིས་ལས་ན་འདོད་ཀྱི་ཡོད་མོད། འོན་ཀྱང་། ཁོ་ཚོས་དེ་ནི་ཧ་ཅང་ཁག་པོ་ཞིག་ཡིན་པར་འདོད་ཀྱི་ཡོད། སྤྱིར་ཤེས་པའི་ཐད་ལ་ཞིབ་འཇུག་བྱེད་ཆོག་པ་ཞིག་ཡིན། ཡིན་ནའང་། དུད་འགྲོའི་ཚེ་སྲོག་བློས་གཏོང་མ་བྱས་ན་བཟང་། འཕེལ་འགྱུར་རིག་པའི་ངོས་ནས་བཤད་ན། མིའི་ཀླད་པ་དེང་གི་བར་དུ་འཕེལ་རྒྱས་བྱུང་བ་འདི་ལ། ལོ་ངོ་སྟོང་ཕྲག་གི་བརྒྱུད་རིམ་ཞིག་ཡོད་པ་རེད། ཤེས་པ་དང་ལྡན་པའི་འཕྲུལ་མི་ཞིག་བཟོ་རྒྱུ་ནི་ཕལ་ཆེར་ལས་སླ་བོ་ཡོད་ཀྱི་མ་རེད། ཅེས་བཀའ་ལན་བསྐྱོན།དེ་རིང་གི་ཞབས་བཀྱག་ཚ་བོའི་སྟེང་དུ་སྡོད་མཁན་གཉིས་པ་ནི། པ་ཊ་རི་ཞ-ཇེན་ནིན་སི(Patricia Jennings)ལགས་རེད། མོ་ནི་རྒྱལ་སྤྱིའི་སྟེང་ན་མིང་དུ་གྲགས་པའི་སྤྱི་ཚོགས་རང་བཞིན་ཅན་དང་སེམས་སྦྱོང་སློབ་གསོའི་ཆེད་མཁས་པ་ཞིག་རེད། ཁྱད་པར་དུ། དགེ་རྒན་གྱི་གནོན་ཤུགས་ཉུང་དུ་གཏོང་བའི་ཐད་ནས། མོས “དགེ་རྒན་ལ་ཐུགས་ཁུར།” ཞེས་པའི་ལས་གཞི་ཞིག་གི་སྣེ་ཁྲིད་འདུག མོས་རང་ཉིད་འདི་ལྟར་ངོ་སྤྲོད་གནང། ཁོ་མོ་ནི་དགེ་རྒན་ཕྱེད་ཀ་དང་། ཚན་རིག་པ་ཕྱེད་ཀ་ཞིག་ཡིན། དགེ་རྒན་གྱི་བྱ་བའི་ཁྲོད་ནས་མྱངས་པའི་གནོན་ཤུགས་དེ་ནི་ཕྱི་མི་ཚོས་ནམ་རྒྱུན་སྣང་མེད་དུ་གཏོང་གི་ཡོད་པར་བརྗོད་རྗེས། མོས་བརྙན་ཡོལ་ངོས་ནས་སློབ་མ་ཚོས་འཛིན་གྲྭའི་ནང་དུ་རང་འདོད་གང་འདོད་བྱེད་ཀྱིན་ཡོད་པའི་རྙོག་འཛིང་ཅན་གྱི་རི་མོ་ཞིག་བསྟན་པ་ན། ༸གོང་ས་ཏཱ་ལའི་བླ་མ་མཆོག་བཞད་ཞོར། རི་མོ་དེས་གནོན་ཤུགས་སྤྲོད་ཡོང་བའི་སྲོལ་ཞིག་འདུག ཅེས་གསུངས་པ་ན། མང་ཚོགས་གད་མོ་ལྷང་ལྷང་དུ་ཤོར།

པ་ཊ་རི་ཞ-ཇེན་ནིན་སིས་དགེ་རྒན་གྱི་གནོན་ཤུགས་ཉུང་དུ་གཏོང་བ་དང་། སློབ་མའི་གནོན་ཤུགས་ཀྱང་ཉུང་དུ་གཏོང་བའི་འཛིན་གྲྭའི་རྣམ་པ་ལེགས་བཅོས་བྱེད་པའི་ཚོད་ལྟ་དེའི་སྐོར་ངོ་སྤྲོད་གནང་། མོས་འདི་ལྟར་བཤད། དྲང་མོར་བཤད་ན། འཆར་གཞི་དེ་དག་ནི ༢༠༠༩ ལོའི་སེམས་དང་སྲོག་གི་བགྲོ་གླེང་གྲོལ་རྗེས། ཐེངས་དེའི་བགྲོ་གླེང་གི་བརྗོད་བྱ་གཞིར་བཟུང་སྟེ་བསྒྲིགས་པ་ཞིག་ཡིན། ལོ་ཁ་ཤས་ཀྱི་རིང་ལ་འབད་འབུངས་བྱས་པར་བརྟེན་ནས། གཞི་རྒྱ་ཆེ་བའི་ཚོད་ལྟ་དང་གྲུབ་འབྲས་སོན་ཡོད། དེ་ཡང་དགེ་རྒན་གྱི་ངོས་ནས། སྙིང་རྗེའི་བློ་དེ་གོང་འཕེལ་དུ་བཏང་ཡོད་ཅིང་། དགེ་སློབ་གཉིས་ཀའི་ཕྱོགས་ནས་མྱོང་ཚོར་ལ་སྟངས་འཛིན་བྱེད་པའི་ནུས་པ་མཐོར་འདེགས་བྱས་ཡོད་པར་མ་ཟད། བློ་རྩེ་གཅིག་ཏུ་འཇོག་པའི་ནུས་པ་དེའང་གོང་འཕེལ་དུ་བཏང་ཡོད་པས། གྲུབ་འབྲས་ཧ་ཅང་ལེགས་པོ་སོན་ཡོད།

ལྕམ་ཨ་མེ་ཤེ-ཇ(Amishi jha)ཡིས༸སྐུ་མདུན་ལ་དྲི་བ་ཞིག་དྲིས། མོས་འདི་ལྟར་བཤད། མོ་རང་གིས་དམག་སྒར་ནས་དམག་མི་རྣམས་ལ་གནོན་ཤུགས་ཉུང་དུ་གཏོང་བའི་ཐད་ནས་སྦྱོང་བརྡར་སྤྲད་ཡོད་པ་དང་། དེ་ཡང་། ལས་གཞི་ཁ་ཤས་ལ་དུས་ཚོད ༤༠ ཡོད་པ་དང་། ཁ་ཤས་ལ་དུས་ཚོད ༢༠ ཡོད། ཆེས་ཉུང་ཤོས་ལའང་དུས་ཚོད ༨ ཡོད་པ་དང་། གྲུབ་འབྲས་ནི་ཧ་ཅང་ཕན་ཐོགས་ལྡན་པ་ཞིག་བྱུང་འདུག དེ་ཡང་དམག་མི་རྣམས་ཀྱི་གནོན་ཤུགས་ཉུང་དུ་སོང་ཡོད་པར་མ་ཟད། གནོན་ཤུགས་ཀྱི་འོག་ཏུ་ཡོད་སྐབས་ཀྱི་ལས་ཀའི་ནུས་པ་དེའང་མཐོར་འདེགས་སུ་ཕྱིན་ཡོད་མོད། འོན་ཀྱང་། དུས་ཡུན་རིང་པོ་ཞིག་ཏུ་ཕན་ཐོགས་ཀྱི་མེད་པ་དང་། དུས་ཚོད་ངེས་ཅན་ཞིག་འགོར་རྗེས། སྔར་བཞིན་སྔོན་ཆད་ཀྱི་རྣམ་པ་དེར་ཐོན་གྱི་ཡོད་པར་བརྗོད། དེ་ནས་མོས༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་འདི་ལྟར་དྲིས། སྦྱོང་བརྡར་དེ་དག་ཇི་ལྟར་གོམས་གཤིས་སུ་འཇགས་པར་བྱེད་དགོས་སམ།

༸གོང་ས་ཏཱ་ལའི་བླ་མ་མཆོག་གིས། དེ་རང་ཉིད་ཀྱིས་སྦྱོང་བརྡར་ལ་བརྟེན་ནས་འབྱུང་དགོས་པ་ཞིག་ཡིན། མྱོང་ཚོར་མི་ལེགས་པ་རྣམས་ནི་རང་གཅེས་འཛིན་གྱི་བསམ་བློ་ལས་བྱུང་བ་ཞིག་ཡིན་ཞིང་། ཟླ་བ་ཁ་ཤས་ཀྱི་སྦྱོང་བརྡར་གྱིས་རང་གཅེས་འཛིན་གྱི་བསམ་བློ་དེ་སེལ་མི་ཐུབ། ངོས་རང་ནི་ནང་པའི་དགེ་སློང་ཞིག་ཡིན་ཞིང་། ངོས་ཀྱི་སེམས་ཀྱི་ཞི་བདེ་དེ་ཡང་ལོ་ངོ་བདུན་ཅུ་ལྷག་གི་རིང་ལ་སྦྱོང་བརྡར་དང་ཉམས་ལེན་བྱས་པར་བརྟེན་ནས་བྱུང་བ་ཞིག་ཡིན། གནོན་ཤུགས་ཀྱི་ཐད་ནས་བཤད་ནའང་། སྦྱོང་བརྡར་སྤྲོད་པ་དེས་གནོན་ཤུགས་སེལ་རྒྱུ་ཙམ་མིན་པར། གནོན་ཤུགས་དེའི་རྒྱུ་རྐྱེན་སེལ་དགོས་པ་ཞིག་ཡིན། ནང་པའི་ལྟ་ཚུལ་ལྟར་ན། མ་རིག་པ་ནི་སྡུག་བསྔལ་ཀུན་གྱི་རྩ་བ་ཡིན། ཞེས་ལན་བསྐྱོན།

གཏམ་བཤད་མཇུག་རྫོགས་རྗེས། སེམས་དང་སྲོག་ཞིབ་འཇུག་ཁང་གི་འགན་འཛིན་སོ་སན-བྷུར-ཝུ(Susan Bauer-wu)ཡིས་མཇུག་སྡོམ་གཏམ་བཤད་གནང་། མོས༸གོང་ས་ཏཱ་ལའི་བླ་མ་མཆོག་དང་ཏཱ་ལའི་བླ་མའི་ཐེབས་རྩ་ཁང་གིས་སེམས་དང་སྲོག་གི་བགྲོ་གླེང་ཚོགས་ཐེངས་སོ་གསུམ་པ་གོ་སྒྲིག་གནང་བར་ཐུགས་རྗེ་ཆེ་ཞུས་པར་མ་ཟད། ཚན་རིག་པ་དང་སློབ་གསོ་གཉེར་མཁན། འཛམ་གླིང་ས་ཕྱོགས་གང་ས་ནས་ཕེབས་པའི་སྐུ་མགྲོན་རྣམ་པར་ཡང་ཐུགས་རྗེ་ཆེ་ཞུས། ད་དུང་མོས་ས་ཕྱོགས་གང་ས་ན་དྲ་བའི་ཐོག་ནས་བགྲོ་གླེང་ལ་ཉན་མཁན་གྱི་མང་ཚོགས་ལའང་ཐུགས་རྗེ་ཆེ་ཞུས། ཐེངས་འདིའི་ཉིན་ལྔ་པའི་བགྲོ་གླེང་གི་དྲ་ཐོག་ཐད་གཏོང་དེར་མི་ཁྲི་ཉིས་བརྒྱ་ལྔ་བཅུ་ཡིས་རྟགས་བཀོད་འདུག

ཐེངས་འདིའི་ཚན་རིག་པ་རྣམས་ནི། གཙོ་བོ་ཨ་རི་དང་ཁ་ན་ཊ་ནས་ཕེབས་འདུག་ཅིང་། ཟུར་ཞུགས་པའང་རྒྱ་གར་གྱི་མཁས་པ་རྣམས་ཕུད་པའི་མང་ཆེ་བ་ཡུ་རོབ་ནས་ཕེབས་མཁན་རེད། ཚན་རིག་པ་རྣམས་ཀྱིས་བགྲོ་གླེང་གནང་སྐབས། ཁོ་ཚོས་བགྲོ་གླེང་གནང་སྟངས་དང་སྐད་ཆའི་རྣམ་པ་ནི། ཨ་རིའི་མཐོ་སློབ་ནང་གི་ཤེས་ཡོན་བགྲོ་གླེང་བྱེད་པའི་རྣམ་པ་དང་མཚུངས། ཡིན་ནའང་། མི་འདི་དག་ས་ཐག་རིང་པོ་ཞིག་བརྒྱུད་དེ་རི་བོ་ཧི་མ་ལ་ཡའི་རི་སུལ་ཞིག་ཏུ་ཡོད་པའི་རི་གྲོང་འདིར་ཡོང་སྟེ་ཚོགས་འདུ་འདིར་ཞུགས་ཀྱི་ཡོད།

ད་ལྟ། ངྷ་རམ་ས་ལ་ནི་རི་བོ་ཧི་མ་ལ་ཡའི་ཁུལ་དུ་ཡོད་པའི་ཤེས་རིག་དང་ལྡན་པའི་གནས་མཆོག་ཅིག་ཏུ་གྱུར་ཡོད་ཅིང་། རྒྱལ་ས་ལྡི་ལི་ཡི་བོད་མིའི་གཞིས་ཆགས་བསམ་ཡས་གླིང་ནས། ནམ་རྒྱུན་དགོང་མོར་སྤྱི་སྤྱོད་རླངས་འཁོར་ངྷ་སར་འགྲོ་བཞིན་ཡོད་ཅིང་། ཕྱི་ཉིན་ཞོགས་པར་ངྷ་སར་འབྱོར་གྱི་ཡོད། ངྷ་སར་འཕུར་བའི་ལྡི་ལིའི་གནམ་གྲུའང་མང་བར་བཏང་སྟེ། ཉིན་གཅིག་ལ་ཐེངས་གཉིས་ལ་འཕུར་གྱི་འདུག ངྷ་སའི་ལམ་ཁ་ནི་ལོ་འདི་དག་གི་རིང་ལ་ཧ་ཅང་ཡར་རྒྱས་ཕྱིན་འདུག་ཅིང་། ལམ་གྱི་ཁོད་དོག་ནའང་། ཧ་ཅང་གཙང་མ་རེད། ལོ་སུམ་ཅུའི་གོང་དུ། ཆི་ལི་རྒྱལ་ཁབ་ཀྱི་དབང་རྩའི་ཚན་རིག་པ་གྲགས་ཅན་ཧྥ་རན་སེ་སི་ཁོ-ཝ་རེ་བླ(Francisco Varela)དང་། ཚན་རིག་པ་ཁ་ཤས་ཆེས་ཐོག་མར༸གོང་ས་ཏཱ་ལའི་བླ་མ་མཆོག་དང་བགྲོ་གླེང་བྱེད་དུ་ཕེབས་སྐབས། ལྡི་ལི་ནས་ངྷ་ས་བར་རླངས་འཁོར་ནས་ཉིན་གཉིས་ཀྱི་རིང་ལ་ཡོང་དགོས་ཀྱི་འདུག ཁ་སང་དེ་རིང་ཆ་རྐྱེན་ཇེ་ལེགས་སུ་གྱུར་འདུག་མོད། འོན་ཀྱང་། ཨ་རི་དང་ཡུ་རོབ་རྒྱལ་ཁབ་ཁག་ནས་འདིར་བགྲོ་གླེང་དུ་ཡོང་རྒྱུ་ནི། ལམ་ཐག་རིང་བའི་དཀའ་ཁག་ཡོད་པ་རེད། དཔེར་ན། བྷ་རེ་ཟ(Brazil) རོམ(Rome) དབྱིན་ཡུལ་ལྟ་བུ་སོགས་ས་ཐག་རིང་པོ་ནས་ཕེབས་ཀྱི་ཡོད། མི་དེ་འདྲ་མང་པོ་ཞིག་ཅིའི་ཕྱིར་དཀའ་བ་ཁྱད་དུ་བསད་ཅིང་དུས་ཚོད་མང་པོ་ཞིག་སྤྱད་དེ་ངྷ་རམ་ས་ལར་ཕེབས་ཀྱི་ཡོད་དམ།

དེའི་རྒྱུ་མཚན་ནི། ༸གོང་ས་ཏཱ་ལའི་བླ་མ་མཆོག་ངྷ་རམ་ས་ལར་བཞུགས་ཡོད་པས་རེད། ཁོང་ནི་སློབ་གྲྭ་ཆེན་མོའི་སློབ་སྤྱི་མ་རེད། ཁོང་ནི་ཚན་རིག་པའང་མ་རེད། ཡིན་ནའང་། ཁོང་ནི་ནང་པའི་ལྟ་གྲུབ་སྨྲ་བ་ཞིག་རེད། ཁོང་གིས་ཤར་ཕྱོགས་ཀྱི་རིག་གནས་དང་ནུབ་ཕྱོགས་ཀྱི་ཚན་རིག་གཉིས་ཀྱི་བགྲོ་གླེང་གི་དབུ་ཁྲིད་དེ། འགྲོ་བ་མི་ཡོངས་དང་། འཛམ་བུ་གླིང་སྤྱི་ལ་ཐུགས་ཁུར་མཛད་ཀྱི་ཡོད། ༸གོང་ས་ཏཱ་ལའི་བླ་མ་མཆོག་དང་ཚན་རིག་པའི་བགྲོ་གླེང་དེར་ཉན་ན། སེམས་འགུལ་ཐེབས་སུ་འཇུག་པར་མ་ཟད། བསམ་གཞིག་ཀྱང་བྱེད་དུ་བཅུག་སྟེ། ནམ་ཡང་བརྗེད་མི་སྲིད་པ་ཞིག་ཡིན།

དེར་བརྟེན། ལམ་ཐག་ཇི་ལྟར་རིང་ཡང་། དཀའ་སྡུག་ཇི་འདྲ་ཆེ་ཡང་། ང་ཚོ་འདིར་ཡོང་བ་ཡིན་ཞིང་། རྗེས་ནས་ཀྱང་ང་ཚོ་སླར་ཡང་འཛོམས་ངེས།

མ་ཡིག་གི་དྲ་ཐག http://xizang-zhiye.org/2018/03/%E7%AC%AC33%E5%B1%8A%E5%BF%83%E6%99%BA%E4%B8%8E%E7%
94%9F%E5%91%BD%E5%AF%B9%E8%AF%9D%E4%BC%9A%E7%AC%AC%E4%BA%94%E5%A
4%A9-%E8%AF%84%E4%BC%B0%E4%B8%8E%E8%BF%90%E7%94%A8/

བོད་འགྱུར། 

བགྲོ་གླེང་ཉིན་དང་པོ། http://tibettimes.net/2018/03/17/167874/
ཉིན་གཉིས་པའི་ཚན་པ་དང་པོ། http://tibettimes.net/2018/03/22/167987
ཉིན་གཉིས་པའི་ཚན་པ་གཉིས་པ། http://tibettimes.net/2018/03/23/168018/
ཉིན་གསུམ་པའི་ཚན་པ་དང་པོ། http://tibettimes.net/2018/03/28/168129/
ཉིན་གསུམ་པའི་ཚན་པ་གཉིས་པ། http://tibettimes.net/2018/03/30/168209/
ཉིན་བཞི་པའི་ཚན་པ་དང་པོ། http://tibettimes.net/2018/04/03/168331/
ཉིན་བཞི་པའི་ཚན་པ་གཉིས་པ། http://tibettimes.net/2018/04/06/168375/

རྫོགས་སོ། 

བསྐྱར་བཅོས།: ༢༠༡༨/༠༤/༡༡

Leave a Reply