རིན་མེད་འབྲས་ནད་བརྟག་དཔྱད།

རྒྱ་གར་ལྷོ་ཕྱོགས་ཀྱི་བོད་མིའི་གཞིས་ཆགས་ཁག་ཏུ་རིན་མེད་ངང་འབྲས་ནད་བརྟག་དཔྱད་དང་སྔོན་འགོག་ཐབས་ཀྱི་གོ་རྟོགས་ལས་འགུལ་ཞིག་སྤེལ་གྱི་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་དབུས་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་དང་ན་ར་ཡ་ནིའི་སྣ་མང་ཆེད་ལས་སྨན་ཁང་གཉིས་ཀྱི་གོ་སྒྲིག་འོག རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་འཚོ་བྱེད་སྨན་ཁང་དུ་སྦེལ་ཀོབ་དང་།  ཧོན་སུར།  ཀོ་ལི་ཀར།  མོན་གྷོ་ཌི་བཅས་ལྷོ་ཕྱོགས་གཞིས་ཁག་སོ་སོར་འབྲས་ནད་བརྟག་དཔྱད་ཀྱི་སྨན་སྒར་བཙུགས་ཏེ་རིན་མེད་འབྲས་ནད་བརྟག་དཔྱད་དང་དེའི་སྐོར་གྱི་གོ་རྟོགས་ལས་གཞི་ཞིག་སྤེལ་མགོ་བཙུགས་སྟེ། རེས་གཟའ་ཟླ་བ་ནས་པ་སངས་བར་སྔ་དྲོའི་ཆུ་ཚོད་ ༡༠ པ་ནས་ཕྱི་དྲོའི་ཆུ་ཚོད་ ༤ པ་བར་བརྟག་དཔྱད་བྱེད་བཞིན་ཡོད་འདུག

ཕྱི་ཚེས་ ༡༠ ཉིན་སྨན་པ་ཚུལ་ཁྲིམས་རྡོ་རྗེ་ལགས་དང་། རྒྱ་གར་ན་རི་ཡ་ནའི་(Nareyana)སྨན་ཁང་གི་སྐུ་ཚབ་སྐུ་ཞབས་ཀར་མ་ཐ་མ་རུ་ཌི་(Mrs.ky karmath  Marutiy head)ལགས་དང་སྨན་པ་ཀུ་ཤི (Mrs. Kushi) ལགས་བཅས་ལྷན་འཛོམས་ཐོག སྨན་པ་ཚུལ་ཁྲིམས་རྡོ་རྗེ་ལགས་ཀྱིས་ལས་གཞི་དེའི་སྐོར་ངོ་སྤྲོད་གནང་སྐབས། དེ་སྔོན་དང་མི་འདྲ་བར་ད་ཐེངས་ཀྱི་བརྟག་དཔྱད་དེ་སྨན་པ་རྣམས་དངོས་སུ་གཞིས་ཆགས་ཁག་ཏུ་ཕྱིན་ཏེ་རིན་མེད་ཐོག་བུད་མེད་ཆེ་འབྲིང་ཆུང་གསུམ་ཚང་མར་བརྟག་དཔྱད་བྱ་རྒྱུ་དང་།  དེ་ཡང་ང་ཚོས་གཙོ་བོ་ནུ་མའི་གློག་པར་བརྒྱུད་སྐྱེ་འགོག་གི་འབྲས་ནད་དང་ཁའི་འབྲས་ནད་བཅས་ལ་བརྟག་ཐབས་ཀྱི་མཐུན་རྐྱེན་སྦྱོར་བཞིན་ཡོད་། ཅེས་བརྗོད་སོང་།

ཡང་ཁོང་གིས། སྤྱི་ཚོགས་ནང་བུད་མེད་ལ་ནུ་མ་དང་སྐྱེ་འགོག་གི་འབྲས་ནད་ལྡན་པ་ནི་རྒྱུན་ལྡན་ཞིག་ཡིན་པ་དང་།  ལྷག་པར་དུ་རྒྱ་གར་ལྟ་བུར་མཚོན་ན་ཧ་ཅང་གི་རྒྱུན་ལྡན་ཆགས་ཡོད་པ་རེད།  ལོ་རེའི་ནང་བུད་མེད་ས་ཡ་མང་པོར་ནད་རྟགས་ཐོན་གྱི་ཡོད།  རྒྱ་གར་ནི་འབྲས་ནད་ཀྱི་རྐྱེན་གྱིས་འདས་གྲོངས་སུ་གྱུར་བའི་བུད་མེད་ད་ལྟའི་ཆར་མང་ཤོས་ཆགས་ཡོད།  ཕྱི་ལོ་ ༢༠༡༧ ནང་ནུ་མའི་འབྲས་ནད་ལྡན་པའི་བུད་མེད་ ༢༥༢༧༡༠ ལྷག་བྱུང་ཡོད་པ་དང་། དེའི་ཁྲོད་ནས་ནད་པ་ ༤༠༦༡༠ ཙམ་སྲོག་ལ་ཉེན་ཁ་བྱུང་ཡོད་པ་རེད།  ནད་གཞི་དེ་རིགས་བྱུང་མ་ཐག་ནས་བརྟག་དཔྱད་དང་བཅོས་ཐབས་བྱས་ན་ལུས་པོའི་ཆ་གཞན་ལ་ཁྱབ་མི་འགྲོ་བར་ཉེན་ཁ་ཆུང་བ་དང་།  དེང་སྐབས་རྒྱ་གར་ནང་ལོ་ན་བཅོ་ལྔ་དང་བཅུ་བཞི་ཅན་གྱི་བུ་མོར་སྐྱེ་འགོག་འབྲས་ནད་ཀྱི་ཚད་གཞི་རིམ་པ་གཉིས་པར་སླེབས་ཡོད།  སྤྱིར་ནད་གཞི་དེ་རིགས་རྒྱ་གར་གྱི་སྨན་ཁང་ཁག་ཏུ་བརྟག་དཔྱད་བྱས་ཚེ་ཧིན་སྒོར་ ༢༠༠༠ ནས་༣༠༠༠ བར་གནས་ཀྱི་ཡོད་ཀྱང་། ད་ཐེངས་ང་ཚོས་འབྲས་ནད་བརྟག་དཔྱད་ཐད་ཀྱི་མཐུན་རྐྱེན་དང་སྨན་བཅོས་མཐའ་དག་རིན་མེད་ཐོག་གནང་འཆར་ཡོད། ཅེས་བརྗོད་བྱུང་།

ལྷོ་ཕྱོགས་ས་གནས་གསར་འགོད་པ། དོན་གྲུབ་བཀྲ་ཤིས།

བསྐྱར་བཅོས།: ༢༠༡༨/༠༤/༡༡

Leave a Reply

One thought on “རིན་མེད་འབྲས་ནད་བརྟག་དཔྱད།

  1. ཚུལ་ཁྲིམས་རྡོ་རྗེས་ནི་སྨན་པ་མིན་པ་དང་ཁོང་ནི་བོད་ཀྱི་འབྲས་ནད་ཚོགས་པའི་ཚོགས་གཙོ་ཡིན་ལ་ལས་འཆར་དེ་སྤེལ་མཁནའམ་འགན་ཁྱེར་མཁན་གཙོ་བོ་དེ་ཡིན། དུ་འབབ་ཚང་གི་སྤྱི་ཚོགས་ལ་ཕན་པའི་གནས་ཚུལ་བཀོད་པར་བཀའ་དྲིན་ཆེ།་ཡིན་ཡང་གནས་ཚུལ་མ་ནོར་བ་བཀོད་རོགས།