བཅའ་ཁྲིམས་ལ་སློབ་སྦྱོང་མ་བྱས་ན་དམངས་གཙོའི་ཁེ་དབང་ཡོངས་སུ་རྫོགས་པར་ལོངས་སྤྱོད་རྒྱུ་ཁག་པོ་རེད།

ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས་རང་ཉིད་ཀྱི་ཆོལ་ཁའི་ཁེ་ཕན་ལས་ཆོལ་ཁ་གཞན་གྱི་ཁེ་ཕན་སྔོན་ལ་བརྩིས་པ་ཡིན་ན་ཆིག་སྒྲིལ་དེ་དོན་དང་ལྡན་པ་ཞིག་དང་དངོས་པོའི་གནས་ཚུལ་དང་མཐུན་པ་ཞིག་ཡོང་གི་ཡོད་པ་རེད་ཅེས་གསུངས།ཟླ་འདིའི་ཕྱི་ཚེས་༡༣ ཉིན་གྱི་ཕྱི་དྲོར་བོད་ཀྱི་ཟློས་གར་ཁང་དུ། བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་གོ་སྒྲིག་འོག བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས་བོད་མི་མང་སྤྱི་འཐུས་ལས་ཐོག་ལས་ཟུར་ཁག་ཅིག་གི་གཙོས་དྷ་ས་ཁུལ་གྱི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ་རྣམ་པ་དང་། མི་མང་བཅས་ཁྱོན་མི་གྲངས་ ༣༠༠ ལྷག་ལ་དམངས་གཙོ་དང་ཆིག་སྒྲིལ་ཞེས་པའི་བརྗོད་གཞིའི་སྟེང་གསུང་བཤད་གནང་སོང་བ་དང་། གསུང་བཤད་ཀྱི་ཐོག་མར་ཁོང་སྐུ་སྒེར་གྱི་ཚབ་བྱས་ཏེ་གསུང་བཤད་གནང་བར་ཕེབས་པ་ལས་སྒྲིག་འཛུགས་དང་ཚོགས་པ། ཕྱོགས་ཁག་སྡེ་ཚན་གང་གི་ཚབ་བྱས་ཏེ་ཡོང་བ་མིན་ལ། ཁོང་གིས་གསུང་བཤད་གང་གནང་བ་དེའང་མི་གཅིག་གི་བསམ་ཚུལ་མ་གཏོགས། བསམ་ཚུལ་དེའི་རྒྱབ་ལོག་ལ་བདག་པོ་རྒྱག་མཁན་དང་མཚོན་མཁན་དེ་འདྲ་གང་ཡང་མེད་སྐོར་གསུངས་སོང་།

ཐོག་མར་དམངས་གཙོའི་གཞུང་ལུགས་དེ་གང་ནས་དར་མིན་སྐོར་ལ་ཁོང་གིས། མང་པོ་ཞིག་གི་བསམ་བློའི་ནང་དམངས་གཙོའི་ལམ་ལུགས་ཟེར་བ་དེ་ནུབ་ཕྱོགས་ནས་དར་བའི་རིག་པའི་གཞུང་ལུགས་ཤིག་རེད་བསམ་གྱི་ཡོད་ན་ཡང་། དེ་ལྟར་མ་ཡིན་པར་ཐོག་མར་རྒྱ་གར་ནས་དར་བའི་རིག་པའི་གཞུང་ལུགས་ཤིག་རེད། རྒྱ་གར་ནས་དར་ནས་རིམ་པས་དབུས་ཨེ་ཤ་ཡ་དང་རིམ་ས་ནུབ་ཕྱོགས་ལ་ཕར་དར་བ་ཞིག་མ་གཏོགས་ནུབ་ཕྱོགས་ནས་ཚུར་ཡོང་བ་ཞིག་ཆགས་ཀྱི་ཡོད་པ་མ་རེད། ལོ་༢༥༠༠ སྔོན་ལ་སྟོན་པ་འཇིག་རྟེན་ལ་བྱོན་པའི་སྐབས་སུ་རྒྱ་གར་ལ་རྒྱལ་པོ་མེད་པར་དམངས་གཙོའི་རིང་ལུགས་ཀྱི་དབང་བསྒྱུར་བྱས་ཡོད་པའི་རྒྱལ་ཁབ་ཆེ་ཆུང་དྲུག་ཙམ་ཡོད་པ་རེད། དེའི་ཁྲོད་དུ་གྲགས་ཆེ་བ་དེ་ཡངས་པ་ཅན་རེད། སྐབས་དེ་དུས་མདོ་ལུང་སོགས་ཀྱི་ནང་དུ་ཚོགས་ཀྱི་གཙོ་བོ་ཞེས་དམངས་གཙོ་ཞེས་པའི་ཚིག་དེ་ཆགས་མེད་ན་ཡང་ཚོགས་ཀྱི་གཙོ་བོ་ཞེས་འབོད་ཀྱི་ཡོད་པ་རེད། དེ་བཞིན་སྒྲིག་འཛུགས་བྱེ་བྲག་པ་ཚོར་མཚོན་ན། སྟོན་པ་རྣམ་འདྲེན་བཞི་པ་ཤྰཀྱ་ཐུབ་པའི་དགེ་སློང་གི་དགེ་འདུན་རྣམས་ལ། དགེ་སློང་གི་དགེ་འདུན་གྱི་ལས་སུ་བྱ་བ་ཡོངས་དེ་དམངས་གཙོ་ཡང་དག་པ་ཞིག་རེད། དམངས་གཙོ་ཡངས་དག་པ་ཞེས་པ་དེ་དགེ་འདུན་པ་ག་ཚོད་ཡོད་པ་ཡིན་ན་ཚང་མས་འདོད་པ་དང་མ་མཐུན་པ་བྱུང་བ་ཡིན་ན། དགེ་འདུན་གྱི་ལས་སུ་བྱ་བ་ཞེས་པ་དེ་འགྲུབ་ཀྱི་ཡོད་པ་མ་རེད། དེང་རབས་ཀྱི་དམངས་གཙོའི་ནང་ལ་མང་མོས་ཉུང་མོས་ཞེས་པའི་གནས་སྟངས་ཤིག་ཡོད་པ་རེད། མང་མོས་ཉུང་མོས་ཞེས་པ་དེ་མི་མང་བོས་ཐག་བཅད་པ་དེ་ཉུང་བ་ཚོས་ཁས་ལེན་དགོས་པ་བཤད་ཀྱི་ཡོད་པ་རེད། དགེ་སློང་གི་དགེ་འདུན་ནང་ལ་དགེ་སློང་སྟོང་ཕྲག་གཅིག་ཡོད་པ་ཡིན་ན་ཡང་། དེའི་ནང་ནས་དགེ་སློང་༩༩༩ བསམ་ཚུལ་མཐུན་པ་བྱུང་ཡོད་ན་ཡང་མི་གཅིག་གི་བསམ་ཚུལ་མ་མཐུན་པ་ཡིན་ན་ལས་དོན་དེ་ཐག་གཅོད་ཐུབ་ཀྱི་ཡོད་པ་མ་རེད། ག་དུས་ཡིན་ན་སྤྱི་མོས་ཀྱི་ཐོག་ནས་ཕྱིན་པ་མ་གཏོགས་མང་མོས་ཐོག་ནས་ཐག་གཅོད་བྱས་པ་རེད་ཟེར་བ་དེ་མེད་པ་རེད། དེ་ལ་མཚན་ཉིད་ཚང་བའི་དམངས་གཙོ་དང་ཡང་དག་པའི་དམངས་གཙོ་ཟེར་བ་རེད། དེ་ལྟ་བུའི་དམངས་གཙོའི་རིག་པའི་གཞུང་ལུགས་དེ་རྒྱ་གར་ནང་ནས་བྱུང་བ་རེད། ཅེས་གསུངས་སོང་།

དེའི་རྗེས་བཙན་བྱོལ་བོད་མིའི་དམངས་གཙོའི་ལམ་ལུགས་སྐོར་ལ་ཁོང་གིས། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་ལག་ལེན་བསྟར་བཞིན་པའི་དམངས་གཙོའི་ལམ་ལུགས་དེ་སྲིད་དོན་གྱི་ཕྱོགས་ཁག་མེད་པའི་དམངས་གཙོ་ཡིན་པ་དང་། སྲིད་དོན་གྱི་ཕྱོགས་ཁག་མེད་པའི་དམངས་གཙོ་ཡིན་པ་གང་ཞིག་ལ་ལམ་སྲོལ་དེ་སྲིད་འཛིན་གྱི་ལམ་སྲོལ་དང་གྲོས་ཚོགས་ཀྱི་ལམ་སྲོལ་གཉིས་ཀ་དང་ཏོག་ཙམ་མི་མཐུན་པར་བོད་པ་ཚོའི་ཐུན་མོང་མ་ཡིན་པའི་ལམ་སྲོལ་ཐོག་ལ་འགྲོ་བཞིན་ཡོད་པ་རེད། ད་ལྟ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་སྙིང་དོན་ག་རེ་ཡོད་པ་རེད་ཟེར་ན། གྲོས་ཚོགས་དབུས་སུ་བཞག་པའི་བཅའ་ཁྲིམས་ཡིན་པ་དང་མཐའ་མའི་དབང་ཚད་ཡོངས་སུ་རྫོགས་པ་དེ་གྲོས་ཚོགས་ལ་ཡོད་པ། འཛིན་སྐྱོང་དང་ཁྲིམས་ལུགས་དབང་འཛིན་གཉིས་ཀར་རང་དབང་དང་གྲོས་ཚོགས་ཀྱི་ཐེ་བྱུས་མེད་པའི་ཟོལ་ཞིག་ཡོད་ན་ཡང་། མཐའ་མ་དེར་གནད་འགག་ཅིག་ལ་ཐུག་པ་ཡིན་ན་དེ་འགྲོ་ས་གྲོས་ཚོགས་མ་གཏོགས་མེད་པ་དང་། གྲོས་ཚོགས་དབུས་སུ་བཞག་པའི་ལམ་སྲོལ་ཞིག་ཆགས་ཡོད་པ་དང་།  གྲོས་ཚོགས་དབུས་སུ་ཆགས་པའི་ལམ་སྲོལ་ག་འདྲ་ཞིག་ཆགས་ཀྱི་ཡོད་པ་རེད་ཟེར་ན། གཏན་ལ་ཕབ་པའི་ཁྲིམས་གཞི་ཡོངས་སུ་རྫོགས་པའི་དབང་ཆ་འཛིན་སྐྱོང་ལ་ཡོད་པ་དང་། འཛིན་སྐྱོང་ཕྱིར་བསྡུ་བྱེད་པའི་དབང་ཚད་དེ་གྲོས་ཚོགས་ལ་ཡོད་པ། དེ་བཞིན་ཁྲིམས་ལུགས་དབང་འཛིན་ལ་ཁྲིམས་ཐག་གཅོད་པའི་དབང་ཆ་ཆ་ཚང་ཡོད་ན་ཡང་ཁྲིམས་ལུགས་དབང་འཛིན་འཕོ་འགྱུར་གཏོང་བའི་དབང་ཆ་དེ་གྲོས་ཚོགས་ལ་ཡོད་པ།  དེ་བཞིན་བཙན་བྱོལ་བོད་མིའི་ཐུན་མོང་མ་ཡིན་པའི་བཅའ་ཁྲིམས་ཀྱི་གནས་བབ་དེ་གསལ་པོ་མཁྱེན་དགོས་པ་དང་ལྷག་པར་དུ་མི་མང་ཡོངས་རྫོགས་ཀྱིས་ཁྲིམས་གཞི་གང་གི་འོག་ལ་རང་ཉིད་ཀྱིས་དམངས་གཙོའི་ཁེ་དབང་ལོངས་སྤྱོད་བྱེད་ཀྱི་ཡོད་པ་རྟོགས་དགོས་པ་གལ་ཆེན་ཡིན་པ་དང་། བཅའ་ཁྲིམས་ལ་སློབ་སྦྱོང་མ་བྱས་པ་ཡིན་ན་དམངས་གཙོའི་ཁེ་དབང་ཡོངས་སུ་རྫོགས་པར་ལོངས་སུ་སྤྱོད་རྒྱུ་དང་། དམངས་གཙོའི་ལས་འགན་ཡོངས་སུ་རྫོགས་པ་སྒྲུབ་རྒྱུ་དེ་དཀའ་ལས་ཁག་པོ་ཆགས་ཡོད་སྐོར་སོགས་གསུངས་སོང་།མཇུག་ཏུ་བོད་མིའི་ཆིག་སྒྲིལ་སྐོར་ལ་ཁོང་གིས། ཆིག་སྒྲིལ་ཟེར་བ་དེ་ང་ཚོས་རྟག་པར་བཤད་བསྡད་ཡོད་པ་རེད་ལ་དགོས་གལ་ཆེན་པོ་ཡིན་པ་ཀུན་གྱིས་ཤེས་བསྡད་ཡོད་པ་རེད། ད་ལྟ་ཕན་ཆད་ལ་མི་རིགས་གཞན་གཅིག་གིས་གཞན་གཅིག་ལ་དབང་སྒྱུར་བྱེད་སྐབས། དབང་སྒྱུར་བྱེད་ཐབས་ཀྱི་ལག་ཆ་ཆེ་ཤོས་དེ་དུམ་བུར་བགོས་ནས་དབང་སྒྱུར་བྱས་ཟེར་བ་དེ་རང་ཡིན་པ་རེད། དུམ་བུར་བགོས་ནས་དབང་སྒྱུར་བྱས་ཟེར་བ་དེ་ཚང་མ་བགོ་བྱ་བརྒྱབ་ནས་ནང་ལོག་ཚང་མ་མི་མཐུན་པ་བཟོས་ནས་ཕན་ཚུན་འཐབ་རྩོད་བྱེད་བཅུག་བཞིན་ཡོད་པ་རེད། ད་ལྟ་བྱིས་པ་ཆུང་ཆུང་ཚོའི་སློབ་དེབ་ནང་དུ་བག་ལེབ་ཅིག་བགོ་བྱ་རྒྱག་པར་ཞི་མིའི་གམ་དུ་སོང་བ་ཞིག་ཡོད་པ་རེད། དེ་ཚོ་ཚང་མ་དངོས་ཡོད་གནས་ཚུལ་རང་རེད་འདུག དབྱིན་ཇིའི་ལུང་པས་འཛམ་གླིང་ས་ཡི་སུམ་གཉིས་དབང་བསྒྱུར་བསྡད་པའི་སྐབས་ལ་ཁོ་ཚོས་ལག་ཆ་གཙོ་བོ་དུམ་བུར་བགོ་རྒྱུ་དེ་རེད། རྒྱ་ནག་ལ་མཚོན་ན་དེ་ག་རང་རེད། ཕུན་ཚོགས་དབང་རྒྱལ་གཤེགས་འགྲོ་མཁན་དེས་སྐད་གྲགས་ཆེ་བའི་ཡི་གེ་རིང་པོ་ཞིག་བྲིས་ཡོད་པ་རེད། དེའི་ནང་དུ་ནན་ཏན་གྱིས་རྒྱ་ནག་གིས་དུམ་བུར་བགོས་ནས་དབང་བསྒྱུར་བྱེད་བཞིན་འདུག་ཅེས་བཤད་ཡོད་པ་རེད། དེ་ཡིན་དུས་ཆིག་སྒྲིལ་དགོས་ཀྱི་ཡོད་པ་དེ་ཚང་མས་ཤེས་ཀྱི་ཡོད་པ་རེད་བསམ་ཡོད། ཡིན་ན་ཡང་ཆིག་སྒྲིལ་ཀྱི་གནས་སྟངས་དེ་ག་རེ་བྱས་ནས་ཡོང་ཐུབ་ཀྱི་ཡོད་པ་མ་རེད་ཟེར་ན། ཆིག་སྒྲིལ་ཡོང་སའི་གཞི་རྩ་གཙོ་བོ་དེ་འདྲ་མཉམ་རེད། འདྲ་མཉམ་དེ་ཕལ་ཆེར་ང་ཚོ་ལ་ཡོད་པ་རེད་བསམ་ཡོད། གཉིས་པ་དེ་ཡིད་ཆེས་རེད་ལ་ཕན་ཚུན་གཅིག་གིས་གཅིག་ལ་ཡིད་ཆེས་དགོས་པ་དེ་ཆིག་སྒྲིལ་གྱི་གཞི་རྩ་རེད། ཡིད་ཆེས་བློས་འགེལ་བྱས་ཟེར་དུས་མི་ཚང་མའི་བསམ་ཚུལ་གཅིག་མཐུན་ཡོང་ཧ་ལམ་མི་སྲིད་པ་རེད། མི་སོ་སོའི་ཁམས་དང་མོས་པ་བསམ་པ་སོགས་མི་འདྲ་བ་ཡོད་དུས་བསམ་ཚུལ་མི་འདྲ་བ་དང་ལས་དོན་མི་འདྲ་བ་འདོད་པ་མཐུན་མི་མཐུན་ཡོང་གི་རེད། ཡིན་ན་ཡང་། འདོད་པ་མཐུན་མི་མཐུན་དང་བསམ་ཚུལ་འདྲ་མི་འདྲ་དེ་དག་བསམ་ཚུལ་དང་ལས་དོན་གྱི་གནས་བབ་ལ་འཇོག་དགོས་པ་མ་གཏོགས། གང་ཟག་གི་གནས་བབ་ལ་ཁུར་མི་ཡོང་རྒྱུ་དགོས་པ་དེ་ཆིག་སྒྲིལ་ལ་མེད་དུ་མི་རུང་བའི་ཡན་ལག་ཅིག་རེད། དེ་ལ་དགོངས་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་རྟོན་པ་བཞིའི་རྣམ་གཞག་དེ་གསུངས་པ་རེད། གང་ཟག་ལ་མི་རྟོན་ཆོས་ལ་རྟོན། ཆོས་དེ་ཡང་ཚིག་ལ་མ་རྟོན་དོན་ལ་རྟོན། དོན་དེ་ཡང་དྲང་དོན་ལ་མ་རྟོན་དོན་ལ་རྟོན། ངེས་དོན་དེ་ཡང་དབང་ཤེས་ལ་མ་རྟོན་ཡིད་ཤེས་ལ་རྟོན། འདི་ལྟར་མར་ལ་འགྲོ་ཐུབ་པ་ཡིན་ན་ཆིག་སྒྲིལ་ཡོང་ཐུབ་པ་ཞིག་ཆགས་ཀྱི་ཡོད་པ་རེད། ༧གོང་ས་རྒྱལ་བ་རིན་པོ་ཆེ་སྤྱི་འཐུས་གྲོས་ཚོགས་སུ་ཐེངས་གཉིས་ལ་ཕེབས་སྐབས་རྟོན་བཞིའི་རྣམ་གཞག་དེ་གོ་ནོར་མ་ཐེབས་པ་ཞིག་དགོས་པ་རེད་ཅེས་ནན་ཏན་གྱིས་བཀའ་གནང་ཡོད་པ་རེད། ཅེས་གསུངས་སོང་།

ཡང་ཁོང་གིས་མུ་མཐུད། བསྡོམས་བརྒྱབ་ནས་ཞུས་པ་ཡིན་ན། ལས་དོན་ཞིག་ལ་འདོད་པ་མ་ཁེངས་པར་ངོ་རྒོལ་བྱ་དགོས་ཀྱི་ཡོད་ན། ལས་དོན་དེ་འགྲིག་གི་མི་འདུག་ཅེས་ངོ་རྒོལ་བྱེད་དགོས་པ་རེད་མ་གཏོགས། གང་ཟག་དེ་འགྲིག་གི་མི་འདུག་ཅེས་ངོ་རྒོལ་བྱེད་རྒྱུ་ཡོད་པ་མ་རེད། གྷན་དྷི་ཡིས་གསུངས་བཞིན་པའི་སྙིང་དོན་གཙོ་བོ་དེ་རེད། ཁྲིམས་འགལ་བྱེད་མཁན་གྱི་མི་དེར་སྙིང་རྗེ་བྱེད་དགོས་པ་དང་ཁྲིམས་འགལ་གྱི་ལས་དེར་ཁ་གཏད་བཅག་དགོས་པ་རེད་ཅེས་གསུངས་ཡོད་པ་རེད།  མྰ་ཁེ་སིའི་བཤད་སྟངས་བྱས་པ་ཡིན་ན་མི་རིགས་རིང་ལུགས་ཞེས་པ་ཞིག་ཡོད་པ་རེད། མི་རིགས་རིང་ལུགས་ལ་མི་རིགས་ཆེན་པོའི་རིང་ལུགས་དང་ས་གནས་མི་རིགས་རིང་ལུགས་ཞེས་དབྱེ་བ་གཉིས་ཕྱེ་ཡོད་པ་རེད། ས་གནས་མི་རིགས་རིང་ལུགས་དང་མི་རིགས་ཆེན་པོའི་རིང་ལུགས་དེ་སུ་ཞིག་གི་བརྒྱུད་ལ་ཡོད་པ་ནས་ཆིག་སྒྲིག་ཡོང་ཐབས་མེད་པ་རེད་ལ། མི་རིགས་ཁ་བྲལ་དང་མི་རིགས་འཐབ་རྩོད་ཡོང་རྒྱུ་རང་ཡིན་པ་རེད། ང་ཚོ་བོད་མི་རིགས་ཚང་མ་མི་རིགས་གཅིག་རེད། ཀྲུང་ཧ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲངས་ཉུང་མི་རིགས་མང་པོ་ཡོད་པའི་ནང་ནས་ང་ཚོ་མི་རིགས་གཅིག་རེད་མ་གཏོགས་མང་པོ་མ་རེད། ང་རང་ཚོ་བོད་པའི་སྤྱི་ཚོགས་ནང་ས་གནས་མི་རིགས་རིང་ལུགས་དང་མི་རིགས་ཆེན་པོའི་རིང་ལུགས་ཡོང་ཐབས་མེད་པ་རེད། མེད་པ་ཡིན་ན་ཡང་བར་ལམ་ང་རང་ཚོའི་ཁྲོད་ལུང་ཚན་དང་ཆོས་ལུགས། སྡེ་ཚན་སོགས་དབྱེ་བ་ཕྱེ་ནས་ས་གནས་མི་རིགས་རིང་ལུགས་ཀྱི་ཟོལ་འདྲ་བོ་བཟོས་ཡོང་གི་ཡོད་པ་རེད། དེ་ཡི་རྐྱེན་གྱིས་ཏན་ཏན་ང་ཚོའི་ཆིག་སྒྲིལ་གྱི་གནས་བབ་ལ་དཀའ་ངལ་ཞིག་ཆགས་བསྡད་ཡོད་པ་རེད། བྱ་བ་ག་རེ་བྱས་པ་ཡིན་ན་ཡང་འགྲིག་པ་དང་མ་འགྲིག་པའི་མཐོང་ཚུལ་མང་པོ་ཡོང་གི་ཡོད་པ་རེད། དེ་བདེན་པ་ཡིད་སྲིད་པ་རེད་ལ་ནོར་བ་ཡང་ཡིན་སྲིད་པ་རེད། གང་ལྟར་རང་གི་ངོས་ནས་ནོར་བ་མཐོང་བ་ཡིན་ན་ནོར་བ་རེད་ཅེས་ལབ་རྒྱུར་སྤོབས་པ་བྱེད་དགོས་པ་རེད་ལ་ལབ་ཀྱང་དགོས་པ་རེད། མ་ལབ་པ་ཡིན་ན་ནོར་འཁྲུལ་བཟོས་ཡོད་ན་ཡང་མི་དམངས་ཀྱིས་ངོས་ལེན་བྱས་པ་ཞིག་ཆགས་འགྲོ་ཡི་ཡོད་པ་རེད། གྷན་དྷི་ཡིས་ཁྲིམས་མཐུན་མ་ཡིན་པ་ཞིག་ལ་ངོ་རྒོལ་མ་བྱས་པར་བཞག་པ་ཡིན་ན་དེ་ལ་ངོས་ལེན་བྱས་པ་ལྟ་བུ་ཆགས་འགྲོ་ཡི་ཡོད་པ་རེད། དེ་དག་ལ་ང་ཚོས་ངེས་པར་དུ་ཁ་གཏད་བཅག་དགོས་པ་རེད། ཡིན་ན་ཡང་། བྱེད་པ་པོ་དེ་ལ་ག་དུས་ཡིན་ན་བརྩེ་བ་དང་གུས་ཞབས་བྱེད་དགོས་པ་རེད། གུས་ཞབས་བྱེད་པ་མ་ཟད་གྷན་དྷི་ཡིས་ཡིད་ཆེས་རང་གནང་གི་ཡོད་པ་རེད། ངོ་རྒོལ་བྱེད་སའི་མི་ལ་ཡིད་ཆེས་བློ་གཏད་ཀྱིས་དམའ་འབེབ་སོགས་གང་ཡང་གནང་གི་ཡོད་པ་མ་རེད། ཡིད་ཆེས་བློ་གཏད་ཡོད་པ་ཡིན་ན་ཆིག་སྒྲིལ་ཡོད་བའི་དོན་ལ་ག་དུས་ཡིན་ན་མི་མང་པོ་རུབ་རུབ་བྱ་དགོས་ཆགས་ཀྱི་ཡོད་པ་མ་རེད། ང་ཚོའི་བསམ་བློའི་ནང་ལོག་ལ་མི་རིགས་ཆིག་སྒྲིལ་ལྟ་བུ་ཞིག་དགོས་ཀྱི་ཡོད་ན་མི་རིགས་ཚང་མའི་སྐུ་ཚབ་ཅིག་དེའི་ནང་ལ་མ་སླེབས་པ་ཡིན་ན། མི་རིགས་གཞན་ཞིག་གིས་མི་རིགས་གཞན་ཞིག་གི་བྱ་བ་དེ་བྱེད་ཐུབ་ཀྱི་མ་རེད་བསམ་པའི་དོགས་པ་རྣམ་རྟོག་ཡོད་པ་ཡིན་ན་ཆིག་སྒྲིལ་ཡོང་ཐབས་མེད་པ་རེད། དཔེར་ན། ང་ཚོ་ཆོལ་ཁ་གསུམ་ལྟ་བུ་ཞིག་ལ་མཚོན་ན། ཆོལ་གསུམ་ཆིག་སྒྲིལ་ཡོང་བའི་དོན་དག་ལ་ཟ་མ་བཟོ་མཁན་དང་གད་བརྒྱག་མཁན་ཞིག་ཡིན་ན་རེད། དེའི་ནང་ལ་ཆོལ་ཁ་གསུམ་གྱི་མི་མ་ཚང་པ་ཡིན་ན་ཆིག་སྒྲིལ་ཡོང་ཐབས་མེད་པའི་བསམ་ཚུལ་ཡོང་གི་འདུག ཆོལ་ཁ་སུའི་མི་ཡོད་པ་ཡིན་ན་ཆོལ་ཁ་གསུམ་དེ་གཅིག་གྱུར་དང་འདྲ་མཉམ་གྱི་འདུ་ཤེས། འདུ་ཤེས་དེའི་དྲང་པའི་འགན་འཁུར་དང་ལྷག་པར་དུ་རང་ཉིད་ཆོལ་ཁ་དང་པོ་དེ་ཡིན་ན་རང་གི་ཁེ་ཕན་ལས་ཆོལ་ཁ་གཉིས་པ་དང་གསུམ་པའི་ཁེ་ཕན་སྔོན་ལ་བརྩི་དགོས་པ་རེད། དེ་བཞིན་ཆོལ་ཁ་གཞན་དག་གིས་རང་ལས་ཆོལ་ཁ་གཞན་གྱི་མངོན་འདོད་དང་ཁེ་ཕན་དེ་སྔོན་ལ་བརྩི་སྟེ།  ཚང་མས་རང་ལས་གཞན་གཙོ་ཆེ་བར་བརྩིས་པ་ཡིན་ན་ཆིག་སྒྲིལ་དེ་དོན་དང་ལྡན་པ་ཞིག་དང་དངོས་པོའི་གནས་ཚུལ་དང་མཐུན་པ་ཞིག་ཡོང་གི་ཡོད་པ་རེད། ཅེས་སོགས་གསུངས་སོང་།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༤/༡༦

Leave a Reply

4 thoughts on “བཅའ་ཁྲིམས་ལ་སློབ་སྦྱོང་མ་བྱས་ན་དམངས་གཙོའི་ཁེ་དབང་ཡོངས་སུ་རྫོགས་པར་ལོངས་སྤྱོད་རྒྱུ་ཁག་པོ་རེད།

  1. ཕ་ཡུལ་གངས་ལྗོངས།

    དྷ་ཎི་ཝར་ཐིར། རིན་པོ་ཆེ་གསུངས་འདུག་ཏེ།བོད་པ་མི་ལག་སྟར་བྱེད་མི་ཡོང།གཅིག་གི་གཅིག་ལ་རྒྱབ་སྐྱོར་བྱ་རྒྱུར་ཚུལ་དུ་གཅིག་གི་གཅིག་རྐང་པ་འཇུ་ནས་མར་འཐེན་སྡོད་ཀྱིས་ཡོད་པ་རེད།

  2. གཞུང་པ་ཚེ་དབང་བསོད་ནམས་།

    མང་གཙོ་དམངས་གཙོ་དོན་གཅིག་བསམ་མཁན་དང་།
    རང་བཙན་རང་དབང་གང་བསམ་རྗོད་མཁན་དང་།
    ཡུལ་མིའི་རྒྱལ་ཁབ་ཡུལ་མིའི་སྲིད་སྐྱོངས་སོགས་།
    ཐ་སྙད་ཚད་སྒྲུབ་ཡིན་པ་བློ་མ་བདེ་

  3. བསྟན་པ་ལེགས་ཚོགས Ten pa Lektsog

    ༄༄ ཕྱི་ནང་ཆོས་སྲིད་གང་གི་ཐོག་མཁྱེན་ཡོན་མཆོག་ཏུ་ཡང་པ་མཁས་དབང་ཟམ་མཐོང་རིན་པོ་མཆོག་རང་རེའི་བོད་ཀྱི་བསྟན་པ་ཆབས་སྲིད་སྤྱི་དང་ ལྷག་པར་བོད་གཞིས་བྱེས་གཉིས་ཀྱི་མགོན་༧སྐྱབས་བླ་ན་མ་འཆིས་པ་འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ་༧གོང་ས་༧སྐྱབས་མགོན་ཆེན་པོའི་ཐུགས་དགོང་ཇི་བཞིན་མངོས་ཤུགས་རྒྱུད་གསུམ་ནས་ཐུགས་འཁུར་ཆེ་བཞེས་མཛད་པའི་འཕྲིན་ལས་ལ་རྗེས་སུ་ཡིད་རང་དང་འབྲེལ་སྙིང་དབུས་ནས་བཀྲིན་ཆེ་ཞུ་རྒྱུ་མ་ཟད་ ད་དུང་ཡང་མུ་མཐུད་མཛད་འཕྲིན་དེ་དག་ཡར་ངོའི་ཟླ་ལྟར་འཕེལ་བའི་ཐོག་ནས་སྐུ་ཚེ་ཡུན་རིང་དུ་གནས་པའི་སྨོན་ལམ་དང་གུས་འདུད་བཅས་ ཁེཎ་ཌ་ནས་གུས་བསྟན་པ་ལེགས་ཚོགས་ཀྱིས།།

  4. གཞུང་པ་ཚེ་དབང་བསོད་ནམས་།

    དུས་བབ་ཚང་ང་ཚོའི་བཅའ་ཁྲིམས་ནང་མང་གཙོ་གྲངས་ཀྱི་གསལ་འབྱེད་འཁོད་པ་ལས་དམངས་གཙོ་གྲལ་རིམ་གྱི་གསལ་འབྱེད་འཁོད་མེད་འདིར་དམངས་གཙོ་ལས་མང་གཙོ་མཇལ་རྒྱུ་མི་འདུག་ན་ཐུགས་སྣང་དགོས་པ་ང་ཚོའི་བཅའ་ཁྲིམས་དོན་ཚན་གསུམ་པའི་ནང་ཡུལ་མིའི་རྒྱལ་ཁབ་(REPUBLIC) ཟེར་བའི་མང་གཙོ་སྤྱིའི་ལྟ་གྲུབ་དང
    ་མཐུན་པའི་ཐ་སྙད་དེ་འཁོད་ཡོད་ལ་གོང་ས་མཆོག་ནས་སྲིད་དབང་མི་མང་ལ་གནང་སྐབས་སྤྱི་འཐུས་སྐབས་བཅུ་བཞི་པའི་གྲོས་ཚོགས་ལ་གསུང་འཕྲིན་ཕེབས་པའི་ནང་ང་ཚོའི་བཅའ་ཁྲིམས་ནང་ཡུལ་མིའི་རྒྱལ་ཁབ་ཟེར་བའི་ཚིག་འཁོད་ཡོད་པ་དེ་དང་ཕྱོགས་མཐུན་དགོས་སྐོར་གསལ་ཡོད་ཀྱང་སྤྱི་འཐུས་སྐབས་བཅོ་ལྔའི་གྲོས་ཚོགས་ནས་མང་གཙོའི་ལྟ་གྲུབ་དང་མཐུན་པའི་ཁྲིམས་མཐུན་གྱི་ཐ་སྙད་ཡུལ་མིའི་རྒྱལ་ཁབ་དེ་གོ་རྟོགས་མ་ཐུབ་པའི་ཡུལ་མིའི་སྲིད་སྐྱོངས་ལ་བསྐྱར་བཅོས་གནང་བ་འདི་སྐོར་ལ་རིན་པོ་ཆེ་ནས་བཀའ་སློབ་མ་ཕེབས་པ་བློ་ཕམ་དང་བཅས་།