ཨ་རིའི་སྐུ་ལྕམ་དང་པོ་ཞིག་སྐུ་གྲོངས།

ཨ་རིའི་སྲིད་འཛིན་སྐབས་ ༤༡ པའི་སྐུ་ལྕམ་དང་པོ་དང་སྲིད་འཛིན་སྐབས་ ༤༣ པའི་མ་ཡུམ་ལྕམ་བྷར་བྷ་རཱ་བྷོ་ཤི་ལགས་དགུང་ལོ་༩༢ སྟེང་སྙིང་ནད་ཀྱིས་སྐུ་གྲོངས་ཡོད་འདུགཁ་སང་ཕྱི་ཚེས་ ༡༧ ཉིན་ཨ་རིའི་སྲིད་འཛིན་ ༤༡ པ་ཇོར་ཇི་ཧར་བྷིར་ཊི་ཝལ་ཁིར་བྷོ་ཤི་(George Herbert Walker Bush)ལགས་ཀྱི་སྐུ་ལྕམ་དང་པོ། ཨ་རིའི་སྲིད་འཛིན་ཐེངས་ ༤༣ པ་ཇོར་ཇི་ཌཱ་བྷི་ལུ་བྷོ་ཤི་(George W. Bush)ལགས་ཀྱི་མ་ཡུམ་བྷར་བྷ་ར་བྷོ་ཤི་(Barbara Bush)ལགས་རང་ཁྱིམ་དུ་སྐུ་གྲོངས་ཡོད་འདུག  སྐུ་ལྕམ་བྷར་བྷ་ར་བྷོ་ཤི་ལགས་ནི་ཨ་རིའི་ལོ་རྒྱུས་ནང་སྲིད་འཛིན་གྱི་སྐུ་ལྕམ་དང་པོ་དང་མ་ཡུམ་ཡིན་པའི་བུད་མེད་གཉིས་ཡོད་པའི་ནང་ནས་རླབས་ཆེན་ཤོས་སུ་ངོས་འཛིན་བྱེད་ཀྱི་ཡོད་འདུག

བྷོ་ཤི་ཁྱིམ་ཚང་གིས་སྐུ་ལྕམ་བྷར་བྷ་རཱ་བྷོ་ཤི་ལགས་ད་ལོར་དགུང་ལོ་ ༩༢ ཡིན་ཞིང་། ཁ་སང་ཕྱི་དྲོར་ཁྱིམ་མི་ཚང་མས་མཐའ་བསྐོར་ཏེ་བདེ་བར་གྲོངས་ཡོད་པ་དང་། ང་ཚོར་མཚོན་ན་མོ་ནི་ཆེས་སྤྱིར་བཏང་མ་ཡིན་པའི་བུད་མེད་ཅིག་དང་། མི་ཚེའི་མཐའ་མཇུག་བར་དུ་ང་ཚོར་དགོད་སྒྲ་དང་བརྩེ་བའི་ངང་བདག་སྐྱོང་གནང་བ་རེད། ཅེས་བསྒྲགས་འདུག

བརྒྱུད་ལམ་དུ་ཐོན་པའི་གནས་ཚུལ་གནང་། སྐུ་ལྕམ་ཁོང་དེ་སྔོན་ནས་སྙིང་རྩ་འགག་པ་དང་དབུགས་གཏོང་ལེན་དཀའ་བའི་སྙིང་ནད་ཅིག་བྱུང་ཡོད་སྟབས། ཡུན་རིང་སྨན་ཁང་དུ་བསྡད་དེ་སྨན་བཅོས་བྱས་ཡོད་ཀྱང་། མཐར་དྲག་སྐྱེད་ཡོང་ཐབས་བྲལ་ཏེ་ཟླ་འདིའི་ཕྱི་ཚེས་༡༥ ཉིན་རང་ཁྱིམ་དུ་ལོག་དགོས་བྱུང་བ་གསལ་བསྒྲགས་བྱས་ཡོད་འདུག

ཇོར་ཇི་ཧར་བྷིར་ཊི་ཝལ་ཁིར་བྷོ་ཤི་ལགས་ཕྱི་ལོ་༡༩༨༩ ནས་༡༩༩༨ བར་ཨ་རིའི་སྲིད་འཛིན་སྐབས་ ༤༡ པར་བདམས་ཐོན་བྱུང་བ་ལྟར། ལྕམ་བྷར་བྷ་རཱ་བྷོ་ཤི་ལགས་ནས་ཨ་རིའི་སྐུ་ལྕམ་དང་པོའི་མཚན་གནས་ཁུར་ཡོད་པ་མ་ཟད། བཟའ་ཟླ་བུ་ཕྲུག་དང་བཅས་པར་ལྷག་བསམ་རྣམ་དག་གིས་རྒྱབ་སྐྱོར་དང་བརྩེ་འདང་ཟབ་མོ་བཅིངས་པ་དེས་ཨ་རིའི་མི་མང་ལ་རླབས་ཆེན་གྱི་མིག་དཔེ་བཟང་པོ་བསྟན་ཡོད་པ་དང་། སྐུ་ལྕམ་ཁོང་ངང་རྒྱུད་རིང་ཞིང་གཤིས་ཀ་འཇམ་པའི་བུད་མེད་ཅིག་ཡིན་པར་བརྗོད།

ཇོར་ཇི་ཧར་བྷོར་ཊི་ཝལ་ཁིར་བྷོ་ཤི་ཡི་ལས་ཁུངས་ཀྱི་འགན་འཛིན་ཇེན་བྷག་ཁེར་(Jean Becker)ལགས་ཀྱིས། ལྕམ་བྷར་བྷ་རཱ་བྷོ་ཤི་སྐུ་འཚོ་བཞུགས་སྐབས། དུས་རྒྱུན་དུ་ཁྱོ་ཤུག་གཉིས་ཀྱིས་བརྩེ་བའི་ལག་ཟུང་དམ་དུ་སྦྲེལ་ཏེ་འགྲོ་བ་དང་། དེ་རིང་སྐུ་མ་གྲོངས་བར་དུ་མོའི་སྐུ་ཟླ་གམ་དུ་བསྡད་དེ་ལག་པ་གཉིས་འཐམས་ནས་བསྡད་ཡོད་སྐོར་བརྗོད་འདུག

སྐུ་ལྕམ་བྷར་བྷ་རཱ་ལགས་སྐུ་གྲོངས་རྗེས། ཨ་རིའི་ཆབ་སྲིད་མི་སྣ་དང་ལས་གྲོགས་ནང་མི་བཅས་ལྷན་འཛོམས་ཐོག་མོས་ཨ་རིའི་རྒྱལ་ཁབ་ལ་རླབས་ཆེན་གྱི་ཞབས་འདེགས་ཞུས་པར་གུས་འདུད་དང་མྱ་ངན་ཞུས་ཡོད་པ་དང་། དེ་བཞིན་ཨ་རིའི་ལས་ཐོག་སྲིད་འཛིན་ཊོམ་ཕུ་ལགས་ཀྱི་གཙོས་དམངས་གཙོ་ཚོགས་པ་དང་སྤྱི་མཐུན་ཚོགས་པའི་གནད་ཡོད་མི་སྣ་དང་། གྲོས་ཚོགས་འཐུས་མི་ཚོས་སྤྱི་ཚོགས་དྲ་ལམ་བརྒྱུད་གདུང་སེམས་མཉམ་སྐྱེད་ཞུ་བཞིན་ཡོད་འདུགསྐུ་ལྕམ་བྷར་བྷ་རཱ་བྷོ་ཤི་(Barbara Bush)ལགས་ནི། ཕྱི་ལོ་༡༩༢༥ ལོའི་ཟླ་ ༦ པའི་ཚེས་༨ ཉིན་ཨ་རིའི་ནེའུ་ཡོག་མྰན་ཧྰ་ཊིན(Manhattan)དུ་སྐྱེས་ཤིང་། ཨ་རིའི་ལྷོ་བརྒྱུད་ཁྰ་རོ་ལེ་ནྰ་(Carolina)ཡི་ཨ་ཤི་ལེ་ཧེལ་(Ashley Hall)བུ་མོའི་སློབ་གྲྭ་ནས་སློབ་མཐར་ཕྱིན་ཡོད་པ་དང་། དགུང་ལོ་ ༡༦ སྟེང་ཇོར་ཇོ་ཧར་བྷོར་ཊི་ཝལ་ཁིར་བྷོ་ཤི་དང་གཉེན་སྒྲིག་བྱས་ཡོད་འདུག ཁོང་གཉིས་ལ་ཨ་རིའི་སྲིད་འཛིན་སྐབས ་༤༣ པ་ཇོར་ཇི་ཌཱ་བྷི་ལུ་བྷོ་ཤི་(George W. Bush)ལགས་དང་། ཨ་རིའི་ཧྥི་ལོ་ར་དྷ་(Florida)མངའ་སྡེའི་སྤྱི་ཁྱབ་ཇེབ་བྷོ་ཤི་(Jeb Bush)ལགས་གཉིས་ཀྱི་གཙོས་པོ་ལན་རོ་བྷན་སོན་བྷོ་ཤི་(Pauline Robinson Bush)དང་ནེལ་བྷོ་ཤི་(Neil Bush)། མྰར་ཝེན་བྷོ་ཤི་(Marvin Bush)། ཌོ་རོ་ཐེ་བྷོ་ཤི་ཀོ་ཆི( Dorothy Bush Koch)བཅས་བུ་དྲུག་དང་། མིང་ལ་རོ་བྷིན་བྷོ་ཤི་ཞེས་པའི་བུ་མོ་ཞིག་སྐྱེས་ཡོད་ཀྱང་། ལོ་ན་ ༣ ལ་སོན་སྐབས་བུ་མོ་འདས་གྲོངས་སུ་ཕྱིན་ཡོད་འདུག

ཇོར་ཇི་ཧར་བྷོར་ཊི་ཝལ་ཁིར་བྷོ་ཤི་ལགས་དང་ལྕམ་བྷར་བྷ་རཱ་བྷོ་ཤི་ལགས་ཀྱིས་འདས་པའི་ལོ་ངོ་ ༧༣ རིང་སྐྱིད་སྡུག་མཉམ་མྱོང་གིས་ཁྱོ་ཤུག་གི་འཚོ་བ་རོལ་ཏེ་ཨ་རིའི་སྲིད་འཛིན་རིམ་པའི་ལོ་རྒྱུས་ཁྲོད་གཉེན་སྒྲིག་དུས་ཡུན་ཆེས་རིང་ཤོས་ཆགས་ཡོད་པ་མ་ཟད། ཨ་རིའི་ལོ་རྒྱུས་ནང་སྐུ་ཟླ་དང་བུ་གཉིས་ཀྱིས་སྲིད་འཛིན་དམ་བཅའ་ཕུལ་བ་མཐོང་ཐུབ་མཁན་གྱི་བུད་མེད་དང་པོ་དེ་ཆགས་ཡོད་འདུག

ཨ་རིའི་སྲིད་འཛིན་སྐབས་གཉིས་པ་ཇོན་ཨ་ཌམ་སི་(John Adams)ལགས་ཀྱི་སྐུ་ཟླ་ཨ་བྷི་གྷེལ་ཨ་ཌམ་སི་(Abigail Adams )ལགས་ནི། ཨ་རིའི་སྲིད་འཛིན་སྐབས་དྲུག་པ་ཇོན་ཁོན་སེ་ཨ་ཌམ་སི་ལགས་ཀྱི་མ་ཡུམ་ཡིན་ནའང་། ཇོན་ཁོན་སེ་ཨ་ཌམ་སི་ལགས་སྲིད་འཛིན་དུ་བདམས་ཐོན་བྱུང་སྐབས་ལྕམ་ཨ་བྷི་གྷེལ་ལགས་འདས་གྲོངས་སུ་ཕྱིན་ཚར་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༤/༡༨

Leave a Reply

One thought on “ཨ་རིའི་སྐུ་ལྕམ་དང་པོ་ཞིག་སྐུ་གྲོངས།