བང་ཆེན་གྱིས་དྲ་རྒྱ་དང་མཉེན་ཆས་གསར་པ་སྒོ་འབྱེད་གནང་།

དེ་རིང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་བོད་པའི་གནས་ཚུལ་ཞིག་རྒྱལ་སྤྱིའི་སྟེང་སླེབས་སྐབས་དོན་དངོས་དང་མི་མཐུན་པ་བྱུང་གི་ཡོད་པས་བོད་ཡིག་ཐོག་ནས་གནས་ཚུལ་ཁུངས་ལྡན་འབྲི་རྒྱུ་གལ་ཆེན་པོ་ཡིན་སྐོར་གསུངས་སོང་།

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠།༣༠ སྟེང་དྷ་ས་བོད་ཀྱི་གསོལ་མགྲོན་ཁང་དུ། ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་གི་གོ་སྒྲིག་འོག བོད་ཀྱི་བང་ཆེན་གསར་ཁང་ཕྱི་ལོ་ ༢༠༠༣ ཟླ་ ༤ ཚེས་ ༡༨ ཉིན་དབུ་བརྙེས་ཏེ་ལོ་ངོ་ཧྲིལ་བོ་ ༡༥ འཁོར་བའི་དུས་དྲན་མཛད་སྒོ་དང་སྟབས་བསྟུན། དབྱིན་བོད་གཉིས་ལྡན་གྱི་བོད་ཀྱི་བང་ཆེན་དྲ་རྒྱ་དང་མཉེན་ཆས་གསར་པ་བཅས་སྒོ་འབྱེད་གནང་སོང་བ་དང་། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམ་བསྟན་འཕེལ་མཆོག་ཕེབས་འདུག

ཐོག་མར་ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་གི་འགན་འཛིན་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ལགས་ཀྱིས་བོད་ཀྱི་བང་ཆེན་གསར་ཁང་གི་འཕེལ་རིམ་དང་མ་འོངས་པའི་འཆར་གཞི་སོགས་ཀྱི་སྐོར་ལ་ངོ་སྤྲོད་གནང་སྐབས། ཐོག་མ་དེར་ཕྱི་ལོ་ ༢༠༠༣ ཟླ་ ༢ ཚེས་ ༡ ཉིན་ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་དབུ་བརྙེས་ཡོད། དེའི་རྗེས་ཕྱི་ཟླ་ ༤ ཚེས་ ༡༨ ཉིན་བོད་ཀྱི་བང་ཆེན་གསར་ཁང་དབུ་བརྙེས་ཡོད་པ་དང་། སྐབས་དེར་ལོ་གཉིས་ཀྱི་རིང་བོད་ཀྱི་བང་ཆེན་གསར་ཁང་གིས་ཟླ་རེར་ཚགས་ཤོག་ཐེངས་གཉིས་རེ་འདོན་སྤེལ་བྱས་ཡོད། དེའི་རྗེས་ལོ་གཉིས་རིང་ཟླ་རེར་ཚགས་ཤོག་འདོན་ཐེངས་གསུམ་རེ་སྤེལ་ཡོད་ཀྱང་།  སྤྱི་ཚོགས་ནང་བསམ་ཚུལ་བསྡུ་རུབ་དང་ལས་ཁུངས་ནང་དཀའ་ངལ་འཕྲད་པ་སོགས་ཀྱི་རྒྱུ་རྐྱེན་འོག  ཕྱི་ལོ་ ༢༠༠༧ ཟླ་ ༤ ཚེས་ ༡༨ ཉིན་ནས་ད་ལྟའི་བར་ལོ་ངོ་ ༡༡ རིང་བདུན་རེར་ཚགས་ཤོག་ཐེངས་རེ་འདོན་སྤེལ་བྱེད་ཀྱིན་ཡོད་ལ། འདས་པའི་ལོ་ངོ་ ༡༥ རིང་ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་དང་བོད་ཀྱི་བང་ཆེན་གསར་ཁང་ལ་ཁྱོན་བསྡོམས་ལས་བྱེད་ ༣༦ བྱུང་བ་དང་། བོད་ཀྱི་བང་ཆེན་ད་ལྟའི་བར་གནས་ཐུབ་པ་དང་མ་འོངས་པར་མུ་མཐུད་གནས་ཐུབ་པར་རེ་བ་དང་གྲ་སྒྲིག་བརྟན་པོ་ཡོད། དེ་ཡང་ཐོག་མར་སྤྱི་ཚོགས་ཀྱིས་དོ་སྣང་དང་རྒྱབ་སྐྱོར་བྱས་པ། གཉིས་པ་ད་ལྟ་ཡོད་དང་ཡོད་བཞིན་པའི་ལས་བྱེད་ ༣༦ གིས་སྔ་རྗེས་སུ་འབད་བརྩོན་རབ་དང་རིམ་པ་གནང་བ། གསུམ་པ་དེར་ཕྱིའི་རོགས་ཚོགས་ཁག་དང་བོད་པའི་སྤྱི་ཚོགས་ནང་གི་འབྲེལ་ཡོད་ཚོས་དཔལ་འབྱོར་རྒྱབ་རྟེན་བྱས་པ་སོགས་ཀྱི་བཀའ་དྲིན་ལས་ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་དང་བོད་ཀྱི་བང་ཆེན་གསར་ཁང་གཉིས་ད་ལྟའི་བར་གནས་ཐུབ་པ་བྱུང་ཡོད་སྐོར་དང་།  མ་འོངས་པར་ཐོག་མའི་དམིགས་ཡུལ་ཡོད་པ་ཇི་བཞིན་བོད་ཀྱི་བང་ཆེན་ངོས་ནས་སྤྱི་ཚོགས་ཀྱི་འགྱུར་འགྲོས་དང་བསྟུན་ཏེ་མུ་མཐུད་མདུན་སྐྱོད་བྱེད་ངེས་ཡིན་ལ། དམིགས་བསལ་དེང་སྐབས་གློག་ཀླད་དང་ཁ་པར་གྱི་དུས་རབས་ཆགས་ཡོད་པར་བརྟེན། དབྱིན་བོད་གཉིས་ལྡན་གྱི་དྲ་རྒྱ་དང་མཉེན་ཆས་བཅས་གསར་བཟོ་བྱས་ཏེ། མ་འོངས་པར་སྤྱི་ཚོགས་ལ་ཕན་ཐོགས་ཡོང་བར་འབད་བརྩོན་ལྷོད་མེད་ཞུ་རྒྱུ་ཡིན་སྐོར་བཅས་སོགས་བརྗོད་སོང་།

 བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས། སྤྱིར་བཏང་ཁོང་གིས་གསར་འགོད་དང་ལྷག་པར་དུ་འཕྲུལ་ཆས་རིག་པའི་སྐོར་ལ་སློབ་སྦྱོང་རྩ་བ་ཉིད་ནས་བྱས་མྱོང་མེད་སྟབས། དེའི་ཐོག་ཐུགས་ཕན་གསོ་བའི་བཀའ་མོལ་ཞུ་རྒྱུ་མེད་ཀྱང་། བོད་ཀྱི་གནས་སྟངས་དང་མཐུན་པའི་ཐོག་ནས་གཞི་རྩའི་བསམ་བློ་གཏོང་ས་དེ་བོད་ཀྱི་སྐད་ཡིག་ཐོག་ནས་བརྒྱུད་ལམ་བཙལ་རྒྱུ་གལ་ཆེན་ཆགས་ཡོད། བོད་ཀྱི་གསར་འགོད་པ་ཚོས་བཙན་བྱོལ་སྤྱི་ཚོགས་རང་གི་གནས་ཚུལ་མཁོ་སྒྲུབ་དང་། འདོན་སྤེལ་བྱེད་རྒྱུ་ཙམ་ལས་གཞན་ཉེན་ཁ་ཆེ་བའི་དམག་འཁྲུག་ནང་གསར་འགྱུར་འགོད་སླད་འགྲོ་རྒྱུར་ད་ལྟ་ཕལ་ཆེར་བསམ་བློ་འཁོར་མེད་པར་བརྟེན་ཉེན་ཁ་མེད་པ་རེད། འོན་ཀྱང་། བོད་པའི་སྤྱི་ཚོགས་ཀྱི་གནས་སྟངས་དང་མཐུན་པའི་གསར་འགྱུར་འདོན་སྤེལ་བྱས་པ་བརྒྱུད་སྤྱི་ཚོགས་ནང་གོ་བརྡ་འཕྲོད་ཐུབ་པ་དང་། ཕྱོགས་གཅིག་ནས་སྤྱི་ཚོགས་ཀྱིས་དོ་སྣང་དང་གདེང་ཚོད་བསླེབ་ཐུབ་པ། ཕྱོགས་གཞན་ཞིག་ནས་གསར་འགྱུར་ཟེར་དུས་ཕྱོགས་སུ་མ་ལྷུང་བར་དངོས་ཡོད་གནས་ཚུལ་གང་ཡིན་པ་དེ་འགོད་ཐུབ་དགོས་པ་དང་། དེའི་ཐོག་ནས་སྤྱི་ཚོགས་ཀྱི་དགོས་མཁོ་སྐོང་ཐུབ་དགོས་རྒྱུ་གལ་ཆེན་པོར་མཐོང་གི་ཡོད་སྐོར་གསུངས་སོང་།

ཡང་གསར་འགྱུར་འགོད་སྟངས་ཐད་ཁོང་གིས། སྤྱི་ནོར་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་མཛད་འཕྲིན་གཙོའི་བོད་མིའི་སྒྲིག་འཛུགས་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག ལྷག་པར་དུ་བོད་ནང་གི་དངོས་ཡོད་གནས་ཚུལ་ཕྱི་ཕྱོགས་ལ་འདོན་ཐུབ་རྒྱུ་ཙམ་མ་ཟད།  དེའི་ཐོག་དོ་སྣང་བསླེབ་ཐུབ་པའི་རྒྱུ་ཆ་དག་བརྒྱུད་ལམ་འདྲ་མིན་ནས་འགྲེམས་སྤེལ་གནང་ཐུབ་པ་ཡིན་ན་བོད་ཀྱི་ཁོར་ཡུག་དང་ཆོས་དད་རང་དབང་། འགྲོ་བ་མིའི་ཐོབ་ཐང་། དེ་བཞིན་སྐད་ཡིག་རང་དབང་སོགས་ཀྱི་ཐོག་དོ་སྣང་གསར་པ་ཞིག་བསླེབ་ཐུབ་ཀྱི་ཡོད་སྐོར་དང་། དེང་སང་དམིགས་བསལ་དུས་ཀྱི་འགྱུར་ལྡོག་དང་ལྷན་དུ་སྤྱི་ཚོགས་དྲ་རྒྱ་དར་སྲོལ་ཆེན་པོ་ཆགས་ཏེ། དོན་དངོས་དང་མི་མཐུན་པའི་གནས་ཚུལ་མང་པོ་ཞིག་བྱུང་དང་འབྱུང་བཞིན་པར་ཞིབ་འཇུག་གནང་རྒྱུ་གལ་ཆེན་དང་། ལྷག་པར་དུ་བོད་ཀྱི་སྐད་ཡིག་ནང་གནས་ཚུལ་འབྲི་བར་ཤུགས་རྒྱག་དགོས་པ་མ་ཟད། གནས་ཚུལ་ལ་ཞིབ་འཇུག་ཡང་དག་གིས་ཁྱབ་སྤེལ་མ་བྱས་ཚེ། བོད་པའི་གནས་ཚུལ་ཞིག་རྒྱལ་སྤྱིའི་སྟེང་སླེབས་སྐབས་དོན་དངོས་དང་མི་མཐུན་པ་བྱུང་གི་ཡོད་པར་བརྟེན། བོད་ཡིག་ཐོག་ནས་གནས་ཚུལ་ཁུངས་ལྡན་འབྲི་རྒྱུ་གལ་ཆེན་པོ་ཡིན་སྐོར་སོགས་གསུངས་སོང་།

གསར་འགོད་པ། ཀླུ་མགོན་རྒྱལ་དང་སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༨/༠༤/༡༩

Leave a Reply

3 thoughts on “བང་ཆེན་གྱིས་དྲ་རྒྱ་དང་མཉེན་ཆས་གསར་པ་སྒོ་འབྱེད་གནང་།

  1. ཚག་ཤོག་རྫུན་མ་ལ་ཡིད་ཆེས་སྣེ་གཅིག་མེད། རྒྱ་མི་སོ་བ་ཡོད་པ་ཐག་ཆོད་ཚག་ཤོ་ལས་མི་འདི་ནང་།

  2. བཀྲ་ཤིས་བདེ་ལེགས་ཞུ།
    བོད་ཀྱི་བང་ཆེན་གསར་ཤོག་གི་དྲ་གཉེན་་གསར་བཟོ་དང་གསར་ཤོག་ལོ་ངོ་བཅོ་ལྔ་འཁོར་བའི་དུས་ཚིག་ལ་འཚམས་འདྲི་དང་བཀྲིས་བདེ་ལེགས་ཞུ་།

  3. གཞུང་པ་ཚེ་དབང་བསོད་ནམས་།

    བོད་ཀྱི་བང་ཆེན་གསར་ཤོག་གི་དྲ་གཉེན་་གསར་བཟོ་དང་གསར་ཤོག་ལོ་ངོ་བཅོ་ལྔ་འཁོར་བའི་དུས་ཚིག་ལ་བཀྲིས་བདེ་ལེགས་ཀྱི་འཚམས་འདྲི་ཞུ་།