གཞོན་སྐྱེས་ཚོས་ལྷ་མོའི་སྒྱུ་རྩལ་རིག་གཞུང་སྲུང་སྐྱོབ་བྱ་རྒྱུ་གལ་ཆེན་པོ་རེད།

སྲིད་སྐྱོང་མཆོག་གིས་རྒྱ་ནག་གཞུང་ནས་བོད་ཀྱི་རིག་གཞུང་གཏོར་བཤིག་གཏོང་ཐབས་སུ་ཐབས་ཤེས་འདྲ་མིན་བྱེད་ཀྱིན་ཡོད་པས་སྐབས་ ༡༥ པའི་བཀའ་ཤག་ནས་ལྷ་མོའི་སྒྱུ་རྩལ་རིག་གཞུང་གཙོའི་བོད་ཀྱི་རིག་གཞུང་སྲུང་སྐྱོབ་སྔར་ལྷག་གནང་རྒྱུ་ཡིན་སྐོར་གསུངས་སོང་།དེ་རིང་སྔ་དྲོའི་ཆུ་ཚོད་ ༩ སྟེང་བོད་ཀྱི་ཟློས་གར་ཁང་གི་རྩེད་ཐང་དུ། དུས་རབས་ ༡༤ བའི་ནང་ཐང་སྟོང་རྒྱལ་པོས་གསར་གཏོད་མཛད་གནང་བ་དང་ཕྱི་ལོ་ ༡༩༩༣ ལོར་ཐོག་མར་བཙན་བྱོལ་དུ་མགོ་འཛུགས་གནང་བའི་བོད་ཀྱི་ལྷ་མོའི་འཁྲབ་གཞུང་གི་ཡོངས་གྲགས་དུས་ཆེན་བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༣ པ་མགོ་འཛུགས་གནང་སྟེ། ཕྱི་ཚེས་ ༢༥ བར་བོད་མི་འདུས་སྡོད་ཀྱི་ས་གནས་ཁག་ ༡༡ ནང་ལྷ་མོའི་འཁྲབ་གཞུང་ཚན་པ་ཁག་ ༡༢ ནས་བོད་ཀྱི་རྣམ་ཐར་ཆེན་པོ་བརྒྱད་ཚུད་པའི་འཁྲབ་སྟོན་བྱེད་བཞིན་ཡོད་པ་དང་། ཞོ་སྟོན་དུས་ཆེན་མགོ་འཛུགས་ཀྱི་མཛད་སྒོར་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་དབུས་བཀའ་བློན་རྣམ་པ་དང་ཁྲིམས་ཞིབ་པ་གཉིས། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གི་གཙོའི་སྤྱི་འཐུས་རྣམ་པ། དེ་བཞིན་གཞུང་འབྲེལ་དང་གཞུང་མ་ཡིན་པའི་ཚོགས་སྡེ་ཁག་གི་འགན་འཛིན་དང་འབྲེལ་ཡོད་ལས་བྱེད་རྣམ་པ། བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ནས་ཕེབས་པའི་ལྷ་མོའི་འཁྲབ་གཞུང་ཚན་པའི་མི་སྣ་དང་བཞུགས་སྒར་ཁུལ་གྱི་སེར་སྐྱ་ཕོ་མོ་དང་ཡུལ་སྐོར་བ་བཅས་འཛོམས་འདུག

མཛད་སྒོའི་ཐོག་མར་བོད་ཀྱི་ཟློས་གར་ཚོགས་པའི་འགན་འཛིན་དབང་འདུས་ཚེ་རིང་ལགས་ཀྱིས་ཕེབས་བསུའི་གཏམ་བཤད་དང་འབྲེལ། བོད་ཀྱི་ཟློས་གར་ཚོགས་པའི་ལས་བསྡོམས་སྙིང་བསྡུས་ཤིག་སྙན་སྒྲོན་ཞུས་གྲུབ་རྗེས་སྐུ་མགྲོན་གཙོ་བོ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། བོད་ཀྱི་ལོ་རྒྱུས་ནང་ལྷ་མོའི་སྒྱུ་རྩལ་ནི་དུས་རབས་ ༡༤ ནང་གསར་གཏོད་བྱུང་སྟེ་དུས་རབས་ ༡༧ ནང་༸གོང་ས་རྒྱལ་བ་སྐུ་ཕྲེང་ལྔ་པ་ཆེན་པོ་མཆོག་གསེར་ཁྲི་མངའ་གསོལ་གྱི་མཛད་སྒོར་དཔལ་ལྡན་འབྲས་དཀར་སྤུངས་པའི་ཞོ་སྟོན་དང་སྟབས་བསྟུན། གཞུང་འབྲེལ་འཁྲབ་སྟོན་ཐོག་མ་ཞུས་པ་ནས་བཟུང་བོད་ཀྱི་ཞོ་སྟོན་ཞེས་བོད་ས་མ་ཤོར་བར་དུ་ནོར་གླིང་ཕོ་བྲང་དུ་འཁྲབ་སྟོན་བྱེད་སྲོལ་ཡོད་པའི་བོད་ཀྱི་ལོ་རྒྱུས་རང་བཞིན་ལྡན་པའི་རིག་གཞུང་གི་དུས་ཆེན་གལ་ཆེན་ཞིག་ཡིན་སྐོར་དང་། ཕྱིས་སུ་༧གོང་ས་མཆོག་གི་བཀའ་དྲིན་འོག་བོད་ཀྱི་ཟློས་གར་ཚོགས་པ་གསར་འཛུགས་གནང་སྟེ་ལྷ་མོའི་གཞུང་འཁྲབ་མཁན་ཉུང་ཤེས་ཤིག་ལས་མེད་ཀྱང་། ༧མགོན་པོ་གང་ཉིད་ནས་བོད་ཀྱི་ལྷ་མོའི་རིག་གཞུང་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་གཏོང་དགོས་པ་གལ་ཆེན་ཡིན་པའི་བཀའ་སློབ་ལམ་སྟོན་འོག མི་རབས་རྒན་པ་ཚོས་སྐུ་ལས་བསྐྱོན་ནས་ལྷ་མོའི་སྒྱུ་རྩལ་སྲུང་སྐྱོབ་བྱེད་ཐུབ་ཡོད་པ་མ་ཟད། དར་སྤེལ་གནང་དང་གནང་མུས་ཐོག་ཕྱི་ལོ་ ༡༩༩༣ ལོར་བོད་ཀྱི་ཞོ་སྟོན་རྒྱས་པ་སླར་གསོ་ཞུ་ཐུབ་ཡོད་སྐོར་སོགས་གསུངས་སོང་།

ཡང་ལྷ་མོའི་རིག་གཞུང་སྲུང་སྐྱོབ་ཐད་ཁོང་གིས། རྒྱ་ནག་གཞུང་གིས་བོད་ཀྱི་རིག་གཞུང་གཏོར་བཤིག་བཏང་དང་གཏོང་མུས་སུ་ཐབས་ཤེས་ཡོད་རྒུ་འདོན་གྱི་ཡོད་པར་བརྟེན། སྐབས་ ༡༥ པའི་བཀའ་ཤག་ལ་མཚོན་ན་ལྷ་མོ་སྒྱུ་རྩལ་བཙན་བྱོལ་ནང་སྲུང་སྐྱོབ་བྱ་དགོས་རྒྱུ་གལ་གནད་དུ་བརྩི་ཡི་ཡོད་པ་མ་ཟད། ལྷ་མོའི་སྒྱུ་རྩལ་སྲུང་སྐྱོབ་ཐད་སྔར་ལྷག་ཡར་རྒྱས་གཏོང་ཆེད་ཐོག་མར་མ་རྩ་ཧིན་སྒོར་འབུམ་གསུམ་དང་དེ་ནས་འབུམ་ལྔ། དེ་སྔོན་ལྷ་མོ་ཚོགས་པ་ཡོད་པ་རྣམས་ལ་མ་རྩ་ཧིན་སྒོར་འབུམ་གསུམ་རེ་དང་། ལྷ་མོ་ཚོགས་པ་གསར་འཛུགས་གནང་མཁན་ཡིན་ན་ཧིན་སྒོར་འབུལ་ལྔ་རེ། འཁྲབ་ཆས་གསར་ཉོའི་སླད་འབུམ་གཅིག་རེའི་མཐུན་རྐྱེན་སོགས་བསྐྲུན་རྒྱུའི་གོ་སྐབས་བྱུང་ཡོད་པ་དང་། ཕྱི་ལོ་ ༡༩༩༣ ལོར་བཙན་བྱོལ་ནང་ལྷ་མོ་ཚོགས་པ་ ༤ ལས་མེད་པ་དང་། ད་ལྟའི་ཆར་ཚོགས་པ་ ༡༢ ཡོད་པར་བརྟེན་ལྷ་མོའི་སྒྱུ་རྩལ་སྲུང་སྐྱོབ་ཀྱི་ཚོགས་པ་ལྡབ་གསུམ་མང་དུ་ཕྱིན་ཡོད་ལ། མི་རབས་རྒན་པ་ཚོས་དཀའ་ལས་བསྐྱོན་ཏེ་ལྷ་མོའི་སྒྱུ་རྩལ་སྲུང་སྐྱོབ་གནང་ཐུབ་ཡོད་པ་དེ་མུ་མཐུད་རྒྱུན་གནས་ཐུབ་དགོས་ཀྱི་ཡོད་པ་དང་། ད་ལྟའི་ཆར་ལྷ་མོའི་འཁྲབ་སྟོན་ནང་ཆ་ཤས་ལེན་མཁན་གཞོན་སྐྱེས་གང་འཚམ་ཞིག་ཡོང་གི་ཡོད་པ་དང་། གཞོན་སྐྱེས་ཚོས་དོ་སྣང་བྱས་པའི་ཐོག་ལྷ་མོའི་སྒྱུ་རྩལ་རིག་གཞུང་སྲུང་སྐྱོབ་བྱ་རྒྱུ་གལ་ཆེན་ཡིན་སྐོར་སོགས་གསུངས་སོང་།

བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་༢༣ པའི་ཐོག་མཉམ་ཞུགས་བྱས་པའི་ལྷ་མོའི་འཁྲབ་གཞུང་གི་ཚོགས་པ་ཁག་བཅུ་གཉིས་ནི། བོད་ཀྱི་ཟློས་གར་ཚོགས་པ་དང་བལ་ཡུལ་ལྷ་ཚོགས། ཅོ་ཏ་ར་བོད་ཁྱིམ་། བྷན་ཌ་ར་ལྷ་ཚོགས། ཀ་སྦུག་ལྷ་ཚོགས། མ་སུ་རི་ལྷ་ཚོགས། སྤོན་ཊ་ལྷ་ཚོགས། ཨོ་རི་ས་ལྷ་ཚོགས། སྦེལ་ཀོབ་ལྷ་ཚོགས། མན་སྤར་ལྷ་ཚོགས། མོན་གྷོ་ལྷ་ཚོགས། ཀོ་ལེ་གྷལ་ལྷ་ཚོགས་བཅས་རེད་འདུག་ལ།  ཚོགས་པ་དེ་དག་གི་འཁྲབ་གཞུང་ནང་བོད་ཀྱི་རྣམ་ཐར་ཆེན་པོ་བརྒྱད་དེ་དྲི་མེད་ཀུན་ལྡན་དང་སྣང་ས་འོད་འབུམ། ཚོང་དཔོན་ནོར་བཟང་། གཟུགས་ཀྱི་ཉི་མ། འགྲོ་བ་བཟང་མོ། རྒྱལ་པོ་གོ་ཆ་བཅས་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༨/༠༤/༢༠

Leave a Reply

5 thoughts on “གཞོན་སྐྱེས་ཚོས་ལྷ་མོའི་སྒྱུ་རྩལ་རིག་གཞུང་སྲུང་སྐྱོབ་བྱ་རྒྱུ་གལ་ཆེན་པོ་རེད།

  1. བློ་ཁ་དགྲ་ལ་ཉེ་བའི་མི་གཟུགས་འགས བློ་སེང་རིགས་ལ་བརྩེ་བས་འབད་པ་ཀུན བློ་མིག་བྲལ་བའི་ཞྭ་རའི་ལྟུལ་ཞུགས་ངང་ བློ་ཡིས་ཡུལ་དུ་འགྱུར་བའི་སྐལ་བ་ཕྲ

  2. བློ་བཟང་བློ་རིག་རྣོ་བས་བཀའ་བློན་འདེམས། །
    བློ་ཁ་སྲིད་ལ་མི་ཕྱོགས་སྒོར་ལ་ཕྱོགས། །
    བློ་གྲོས་ཅན་གྱི་འགྲོ་ལུགས་འདི་འདྲ་མིན། །
    བླང་བྱ་དོར་བྱའི་དབྱེ་བ་ཤེས་ན་ལེགས། །

  3. སྲིད་སྐྱོང་ལགས། ལྷ་མོའི་སྒྱུ་རྩལ་ཉམས་ས་མ་རེད་ལོ། ལྷ་སའི་གྲོང་ན་ལྷ་མོའི་སྒྱུ་རྩལ་རྡ་རམ་ས་ལ་ལས་ཡག་པོ་སྲུང་སྐྱོབ་བྱས་འདུག་པས་ཉིད་ཀྱིས་སེམས་ཁྲལ་བྱེད་མི་དགོས། དེ་ལས་བཙན་བྱོལ་ནང་གི་མང་ཚོགས་ཚོའི་ཁ་རྒྱབ་ཡག་པོ་གསོ་ཐབས་བྱས་ན་བཟང་ཤོས་རེད།

  4. གཞུང་པ་ཚེ་དབང་བསོད་ནམས་།

    ལྷག་བསམ་ལྷ་ལས་དཀར་བའི་ལྷ་ཚོགས་ཚོའི་།
    ལྷག་བསམ་དཱངས་པ་ཆེན་པོའི་ཀུན་སློང་འོག་།
    ལྷ་མོའི་རིག་གཞུང་ཐང་སྟོང་མཛད་རྗེས་ལ་།
    ལྷག་པར་དད་པས་མུ་འཐུད་ལྷ་གཞུང་སྲུངས་།