རྒྱ་གར་ངོ་རྒོལ་བས་རྒྱ་གར་གྱི་རྒྱལ་དར་གཤགས།

རྒྱ་གར་ནང་བཙན་གཡེམ་གྱི་དོན་རྐྱེན་བསྟུད་མར་བྱུང་བར་བརྟེན་དབྱིན་ཡུལ་གྱི་རྒྱ་གར་བ་ཚོས་རྒྱ་གར་གྱི་རྒྱལ་དར་མར་ཕབ་སྟེ་གཤག་རལ་དུ་བཏང་བར་དབྱིན་གཞུང་གིས་དགོངས་སེལ་ཞུས།

ཟླ་འདིའི་ཚེས་ ༡༨ ཉིན་རྒྱ་གར་གྱི་སྲིད་བློན་མུ་ངྷི་མཆོག་དབྱིན་ཡུལ་དུ་བདེ་སྡུག་གཅིག་གི་རྒྱལ་ཁབ་ཁག་(Commonwealth Countries)གི་ཚོགས་འདུར་བཅར་ཡོད་པ་དང་། དབྱིན་ཇིའི་སྲིན་བློན་ལྕམ་ཊི་རི་སཱ་མེ་(Theresa May)ལགས་དང་ཟུར་དུ་མཇལ་འཕྲད་གནང་བར་ཕེབས་སྐབས་དབྱིན་ཡུལ་གྱི་རྒྱ་གར་བའི་ནང་ཁོང་ལ་དགའ་བསུ་ཞུ་མཁན་དང་ངོ་རྒོལ་བྱེད་མཁན་གཉི་ག་བྱུང་འདུག རྒྱ་གར་ངོ་རྒོལ་བ་ཚོས་ངོ་རྒོལ་སྐད་འབོད་བྱས་ཡོད་པ་མ་ཟད།  གྲོས་ཚོགས་ཐང་(Parliament Square)དུ་དབྱིན་གཞུང་གིས་དེ་སྔོན་བཙན་འཛུལ་བྱས་མྱོང་བའི་བདེ་སྡུག་གཅིག་གི་རྒྱལ་ཁབ་ཁག་ ༥༣ གྱི་རྒྱལ་དར་སྒྲེང་འཛུགས་བྱས་ཡོད་པའི་ནང་ནས་རྒྱ་གར་གྱི་རྒྱལ་དར་མར་ཕབ་སྟེ་གཤག་རལ་དུ་བཏང་ཡོད་འདུག

རྒྱལ་དར་གཤག་རལ་བཏང་བ་ཤེས་མ་ཐག་རྒྱ་གར་གཞུང་གི་མགྲིན་ཚབ་པ་ར་བེ་ཤི་ཀུ་མར་(Raveesh Kumar)ལགས་ཀྱིས་ང་ཚོའི་རྒྱལ་དར་དང་འབྲེལ་བའི་གནས་ཚུལ་བྱུང་བ་དེར་བློ་ཕམ་ཆེན་པོ་བྱུང་། དབྱིན་ཇི་གཞུང་གིས་གང་མགྱོགས་རྒྱལ་དར་གསར་པ་སྒྲེང་འཛུགས་བྱ་དགོས་་ཞེས་བརྗོད་ཡོད་པ་དང་། དབྱིན་གཞུང་གི་ཕྱི་སྲིད་བློན་ཆེན་ཨེ་ལན་ཊོན་ཁན་(Alan Duncan)ལགས་ཀྱིས། མི་མང་ལ་ཞི་བདེ་ངང་ངོ་རྒོལ་བྱེད་པའི་ཐོབ་ཐང་ཡོད་ན་ཡང་མི་ཉུང་ཤས་ཤིག་གི་བྱེད་སྟངས་དེ་ལ་བློ་ཕམ་ཡོད་པ་མ་ཟད། གནད་དོན་དེ་ཁྲིམས་ཐོག་ནས་ཐག་གཅོད་གནང་རྒྱུ་ཡིན། ཞེས་བརྗོད་འདུག

རོའུ་ཊར་གསར་ཁང་གིས་བརྗོད་ན། སྐབས་དེར་ངོ་རྒོལ་བ་ ༥༠༠ ཙམ་འདུ་འཛོམས་བྱུང་ཡོད་པ་དང་། ཁོང་ཚོས་འབོད་ཚིག་འཕྲེད་དར་ནང་མུ་ངྷི་ཕྱིར་ལོག་ཅིག ཅེས་བྲིས་ཡོད་པ་དང་། ཐེངས་འདིའི་ངོ་རྒོལ་གྱི་རྒྱུ་རྐྱེན་གཙོ་བོ་ནི་ཉེ་སྔོན་ལོ་ ༨ ཅན་གྱི་ཁ་ཆེ་བའི་བུ་མོ་ཞིག་ལ་ཧིན་རྡུའི་སྐྱེས་པ་འགས་མཉམ་རུབ་གྱིས་མནར་གཅོད་དང་བཙན་གཡེམ་བྱས་མཐར་དམར་གསོད་བཏང་ཡོད་པ་དང་། དེ་བཞིན་རང་ལོ་ ༡༦ ཅན་གྱི་བུ་མོ་ཞིག་ལ་གྲོས་ཚོགས་འཐུས་མི་ཞིག་གིས་བཙན་གཡེམ་བྱས་རྗེས། སྐྱེས་པ་དེའི་ཁྱིམ་ཚང་གི་སྒོ་ཁར་བུ་མོས་རང་སྲོག་གཅོད་རྩིས་བྱས་པའི་གནད་དོན་དེ་ཐག་གཅོད་ལེགས་པོ་མ་བྱུང་བ་སོགས་ལ་ངོ་རྒོལ་བྱས་ཡོད་འདུག ཡང་ངོ་རྒོལ་བ་ཁག་ཅིག་གིས་འཕྲེད་དར་ནང་རྒྱ་གར་གྱི་དྲག་སྤྱོད་མཚམས་ཞོག་ཅེས་བཀོད་དེ་མུ་ངྷི་མཆོག་གི་གཞུང་ནས་རྒྱ་གར་གྱི་གྲངས་ཉུང་ཆོས་ལུགས་དབྱེ་འབྱེད་བྱེད་ཀྱི་ཡོད་པའི་སྐྱོན་བརྗོད་བྱས་ཡོད་པ་དང་། ཐེངས་འདིའི་ངོ་རྒོལ་ནང་རྒྱ་གར་བྱང་ཁུལ་མངའ་སྡེ་པན་ཇབ་རང་བཙན་རྩོད་ལེན་པ་དང་། སིག་(Sikh)ཆོས་ལུགས་ཀྱི་རྗེས་འཇུག་པ་སོགས་ཡོད་འདུག

རྒྱ་གར་གྱི་གསར་ལམ་ཁག་ཏུ། སྲིད་བློན་མུ་ངྷི་མཆོག་ལ་རྒྱབ་སྐྱོར་བྱེད་མཁན་དང་དགའ་བསུ་བྱེད་མཁན་མང་པོ་བྱུང་ཡོད་པ་མ་ཟད། རྒྱ་གར་སྲོལ་རྒྱུན་གྱི་ལྭ་བ་གོན་ནས་ཞབས་བྲོ་འཁྲབ་མཁན་ཡང་བྱུང་ཡོད་པ་བཀོད་འདུག དེར་ཡོད་བུད་མེད་ཤིག་གིས། ང་ཚོས་རྒྱ་གར་གྱི་སྲིད་བློན་མཆོག་དབྱིན་ཡུལ་ལ་ཕེབས་པར་དགའ་བསུ་བྱེད་འདོད་ལ་ཕྱི་གྱར་རྒྱ་གར་བས་ཁོང་ལ་རྒྱབ་སྐྱོར་ག་ཚོད་བྱེད་བཞིན་པ་སྟོན་འདོད་ཡོད། ཅེས་རྒྱ་གར་དུས་བབ་གསར་ཁང་ལ་བརྗོད་འདུག

བསྐྱར་བཅོས།: ༢༠༡༨/༠༤/༢༡

Leave a Reply