རང་ལོ་ ༡༢ མན་ཆད་ལ་བཙན་གཡེམ་བྱས་ན་སྲོག་ཁྲིམས་གཅོད་རྒྱུ་ཡིན།

མུ་དྷི་གཞུང་གིས་བུ་མོ་རང་ལོ་ ༡༢ མན་ཆད་ལ་བཙན་གཡེམ་བྱས་ཚེ་སྲོག་ཁྲིམས་གཅོད་རྒྱུ་ཡིན་པ་སོགས་ཀྱི་རྩ་ཁྲིམས་བསྐྱར་བཅོས་ལ་རྒྱ་གར་གྱི་བུད་མེད་ཐོབ་ཐང་རྩོད་ལེན་པ་སོགས་ཀྱིས་ཕན་འབྲས་མེད་སྐོར་སྐྱོན་བརྗོད་བྱེད་ཀྱི་འདུགཟླ་འདིའི་ཕྱི་ཚེས་ ༢༡ ཉིན་རྒྱ་གར་གྱི་སྲིད་བློན་མུ་དྷི་མཆོག་ཡུ་རོབ་ནས་ཚུར་ཕེབས་མ་ཐག་བློན་ཆེན་རྣམས་ཛ་དྲག་གིས་བསྐོངས་ཏེ། རྒྱ་གར་ནང་ཚ་རླབས་འཕྱུར་བཞིན་པའི་བཙན་གཡེམ་གནད་དོན་དང་འབྲེལ་བའི་རྩ་ཁྲིམས་ཁག་ཅིག་ལ་བསྐྱར་བཅོས་གནང་ཡོད་པ་དང་། རྩ་ཁྲིམས་བསྐྱར་བཅོས་དེར་རྒྱ་གར་གྱི་སྲིད་འཛིན་རམ་ན་ཐི་ཀོ་ཝིན་ཌི་(Ram Nath Kovind)མཆོག་གི་བཀའ་འཁྲོལ་མཚན་རྟགས་འཐོབ་དགོས་ཀྱི་ཡོད་འདུག

བསྐྱར་བཅོས་རྩ་ཁྲིམས་ནང་། རང་ལོ་ ༡༢ མན་ཆད་ལ་བཙན་གཡེམ་བྱས་ཚེ་སྲོག་ཁྲིམས་གཅོད་རྒྱུ་དང་། ལོ་ ༡༦ མན་ཆད་ལ་བཙན་གཡེམ་བྱས་ཚེ་ལོ་ ༡༠ ཡི་བཙོན་འཇུག་གི་ཁྲིམས་ཆད་ལོ་ ༢༠ ལ་སྤར་ཡོད་པ་མ་ཟད། མི་གཉིས་སམ་དེ་ལས་མང་བས་མཉམ་རུབ་ཀྱིས་བཙན་གཡེམ་བྱས་ན་ཚེ་བཙོན་ཡིན་འདུག ཡང་ལོ་ ༡༦ ཡན་ལ་བཙན་གཡེམ་བྱས་ཚེ་ཁྲིམས་ཆད་ལོ་ ༧ དེ་ལོ ༡༠ ལ་སྤར་བ་མ་ཟད། མཉམ་རུབ་ཡིན་ཚེ་ཚེ་བཙོན་དུ་བཅུག་རྒྱུ་ཡིན་པ་དང་། ལོ་ ༡༦ མན་ལ་བཙན་གཡེམ་བྱས་པའི་ཉེས་ཅན་པ་རྣམས་ཁྲིམས་ཁང་ལ་སྒོར་སྤྲད་དེ་ཕྱིར་འདོན་མི་ཆོག་པ་བཟོས་ཡོད་འདུག

གཞན་ཡང་། ཐེངས་འདིའི་བསྐྱར་བཅོས་རྩ་ཁྲིམས་ནང་བཙན་གཡེམ་དང་འབྲེལ་བའི་ཁྲིམས་བཤེར་ཇེ་མགྱོགས་སུ་གཏོང་ཆེད་ཁྲིམས་ཁང་གིས་ཟླ་གསུམ་ནང་བཙན་གཡེམ་གནད་དོན་ངེས་པར་དུ་ཐག་གཅོད་ཚར་དགོས་ཡོད་པ་མ་ཟད། ཁྲིམས་ཁང་གི་བྱ་བ་སྟབས་བདེ་ཡོང་ཆེད་དམིགས་བསལ་བརྟག་དཔྱད་ཁང་ཟུར་འཛུགས་དང་། ཉེན་རྟོག་ཁང་དང་སྨན་ཁང་ཚང་མར་སྟབས་བདེ་བརྟག་དཔྱད་ཡོ་ཆས་འཇོག་འཆར་ཡོད་འདུག

ཉེ་སྔོན་ཇ་མུ་ཀ་ཤི་མིར་གྱི་ཁ་ཆེ་བའི་བུ་མོ་ལོ་ ༨ ཅན་ཞིག་ལ་ཧིན་དྷིའི་སྐྱེས་པ་འགས་མཉམ་རུབ་གྱིས་བཙན་གཡེམ་དང་མནར་གཅོད་བཏང་མཐར་དམར་གསོད་བྱས་ཡོད་པ་མ་ཟད། མུ་དྷི་གཞུང་གི་ལས་བྱེད་གཉིས་ཀྱིས་བཙན་གཡེམ་བྱེད་མཁན་གྱི་ནག་ཉེས་འགེབ་སྲུང་བྱས་པར་བརྟེན། རྒྱ་གར་བ་མང་པོ་ཁྲོམ་གཞུང་དུ་ཐོན་ཏེ་ངོ་རྒོལ་སྐད་འབོད་བྱས་པ་དང་། དྲ་ལམ་དང་གར་སྟེགས་སོགས་བརྒྱུད་ལམ་འདྲ་མིན་ཐོག་ངོ་རྒོལ་ཤུགས་ཆེན་བྱས་ཡོད་པ་མ་ཟད། ཕྱི་སྡོད་རྒྱ་གར་བས་རྒྱ་གར་གྱི་རྒྱལ་དར་གཤག་རལ་དུ་བཏང་བ་སོགས་ཀྱི་ངོ་རྒོལ་སྐྱོན་བརྗོད་ཤུགས་ཆེན་བྱུང་ཡོད་པ་རེད།

རྒྱ་གར་གྱི་བུད་མེད་ཐོབ་ཐང་རྩོད་ལེན་མ་ཀི་ཊི་སིན་གྱིས། ངས་སྲོག་ཁྲིམས་བཅད་ནས་བཙན་གཡེམ་འགོག་ཐུབ་པ་རེད་བསམ་གྱི་མི་འདུག དེ་ལས་གཞུང་གིས་ཁྲིམས་མཐུན་ཐོག་གནས་ཚུལ་རྒྱུས་ལོན་དང་ཁྲིམས་ལག་བསྟར་ཏག་ཏག་བྱས་ན་ཕན་གྱི་རེད།  སྲོག་ཁྲིམས་ཀྱིས་ནག་ཉེས་བཟོ་བ་འགོག་མི་ཐུབ་པ་ཡོངས་གྲགས་ཡིན་པ་ལྟར། ང་ཚོས་ཞིབ་འཇུག་བྱས་པའི་མཐའ་དོན་ཡང་དེ་ལྟར་རེད། ང་ཚོ་སྲོག་ཁྲིམས་གཅོད་པའི་ཐག་གཅོད་དེ་ལ་འདོད་མོས་མེད། ཅེས་བརྗོད་འདུག

ཡང་རྒྱ་གར་གྱི་ཁྲིམས་རྩོད་པ་ཨ་པེད་སིན་ཞེས་པ་ཞིག་གིས། རྒྱ་གར་ནང་བཙན་གཡེམ་དང་འབྲེལ་བའི་གྱོད་དོན་གྱི་བརྒྱ་ཆ་ ༢༨ མ་གཏོགས་ཁྲིམས་ཐག་ཆོད་ཀྱི་མེད་པ་དང་བརྒྱ་ཆ་ ༧༢ ཁྲིམས་ཐག་མ་ཆོད་པར་ལྷག་འགྲོ་ཡི་ཡོད་རེད། ཅེས་བརྗོད་འདུག 

རྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་ལྟར་ན། ཕྱི་ལོ་ ༢༠༡༦ ལོར་བཙན་གཡེམ་གྱོད་དོན་ ༤༠༠༠༠ བྱུང་ཡོད་དང་དེའི་བརྒྱ་ཆའི་ ༤༠ བྱིས་པ་དང་འབྲེལ་བ་ཡོད་པ་དང་། རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ཉེན་རྟོག་ཁང་གིས་ཕྱི་ལོ་ ༢༠༡༧ ལོར་ཉིན་རེར་བཙན་གཡེམ་གྱོད་དོན་ ༥ རེ་ཞུ་གཏུག་ཐོ་འགོད་བྱས་ཡོད་སྐོར་བརྗོད་འདུག

ཆབ་སྲིད་དབྱེ་ཞིབ་པ་ཚོས་མུ་དྷི་གཞུང་འཛིན་ཚོགས་པས་ཛ་དྲག་ངང་རྩ་ཁྲིམས་ལ་བསྐྱར་བཅོས་གཏོང་གི་ཡོད་པ་དེ་ནི་བཙན་གཡེམ་དང་འབྲེལ་བའི་མི་མང་གི་ངོ་རྒོལ་ཞི་འཇགས་གཏོང་ཐབས་དང་། ཕྱི་ལོ་ ༢༠༡༩ ལོའི་རྒྱལ་ཡོངས་འོས་བསྡུའི་ནང་འོས་ཤོག་འཐོབ་པར་དམིགས་པ་ཞིག་ཡིན་སྐོར་བརྗོད་ཀྱི་འདུག

 

བསྐྱར་བཅོས།: ༢༠༡༨/༠༤/༢༣

Leave a Reply