གྲིས་བརྒྱབས་ཏེ་སློབ་ཕྲུག་མང་པོར་ཤི་རྨས་ཐེབས།

རྒྱ་ནག་ཧྲན་ཞི་ཞིང་ཆེན་གྱི་འབྲིང་རིམ་སློབ་གྲྭ་ཞིག་གི་སློབ་ཕྲུག་ཚོ་རང་ཁྱིམ་དུ་ལོག་པའི་ལམ་བར་དུ་སྐྱེས་པ་ཞིག་གིས་གང་བྱུང་གྲིས་བརྒྱབས་ཏེ་ཤི་རྨས་ཚབས་ཆེན་བྱུང་ཡོད་འདུག

ཕྱི་ཟླ་ ༤ ཚེས་ ༢༨ ཉིན་གྱི་ཕྱི་དྲོར་རྒྱ་ནག་ཧྲན་ཞི་ཞིང་ཆེན་མེ་ཙི་རྫོང་འབྲིང་རིམ་སློབ་གྲྭ་ཨང་གསུམ་པའི་སློབ་མ་རྣམས་རང་ཁྱིམ་དུ་ལོག་པའི་ལམ་བར་དུ། སྐྱེས་པ་ཞིག་གིས་གང་བྱུང་གྲིས་བརྒྱབས་ཏེ། བུ་མོ་ ༧ དང་བུ་ ༢ བཅས་ཁྱོན་སློབ་ཕྲུག་ ༩ དམར་གསོད་དང་། སློབ་ཕྲུག་ ༡༠ ལ་རྨས་སྐྱོན་ཚབས་ཆེན་བཟོས་ཡོད་འདུག

ས་གནས་ཉེན་རྟོག་པས་ལག་དམར་དེ་འཛིན་བཟུང་བྱས་ནས་བཀག་ཉར་འོག་ཡོད་པ་དང་། ཁོའི་རུས་མིང་ལ་ཀྲོའོ་ཟེར་ཞིང་ལོ་ ༢༨ ཡིན་པ་དང་། ཁོས་སྔོན་ཆད་མེ་ཙི་རྫོང་འབྲིང་རིམ་སློབ་གྲྭ་ཨང་གསུམ་པའི་ནང་སློབ་སྦྱོང་བྱས་ཡོད་པ་དང་། སྐབས་དེར་སློབ་མ་ཚོས་ཁོ་ལ་བརྙས་བཅོས་ཡང་ཡང་བྱས་པར་བརྟེན། འཁོན་ལན་སློག་ཐབས་སུ་དོན་རྐྱེན་བསླངས་ཡོད་སྐོར་བརྗོད་པ་ཙམ་ལས། ཁོ་ལ་རྒྱུ་རྐྱེན་གཞན་ཡོད་མེད་གང་ཡང་བརྗོད་མེད་པ་རེད།

དོན་རྐྱེན་བྱུང་སའི་སློབ་གྲྭ་དེའི་སློབ་མ་རྣམས་རང་ལོ་ ༡༤ དང་དེ་ལས་ཆུང་ཤ་སྟག་ཡིན་པ་དང་། སློབ་ཕྲུག་མང་པོར་རྨས་སྐྱོན་ཚབས་ཆེན་བྱུང་སྟེ་ཟུང་ཁྲག་མང་པོ་ཐོན་པར་བརྟེན་མི་མང་གིས་ཁྲག་སྤྱིན་བཏང་སྟེ་ཛ་དྲག་རོགས་རམ་དང་། གདུང་སེམས་མཉམ་སྐྱེད་ཀྱིས་སློབ་ཕྲུག་ཚོར་ལྟ་སྐྱོང་བྱེད་བཞིན་ཡོད་འདུག

ད་ལན་གྱི་དོན་རྐྱེན་དེ་ཐེངས་དང་པོ་མིན་པར་རྒྱ་ནག་ནང་གྲིས་བརྒྱབས་པའི་དོན་རྐྱེན་བསྟུད་མར་བྱུང་གི་ཡོད་འདུག ད་ལོའི་ཕྱི་ཟླ་དང་པོའི་ནང་པེ་ཅིན་གྱི་ཚོང་ཁང་ཆེན་མོ་ཞིག་གི་ནང་དུ་མི་ཞིག་གིས་གྲིས་བརྒྱབས་ཏེ་བུད་མེད་གཅིག་བསད་པ་དང་། མི་ ༡༢ ཙམ་ལ་རྨས་སྐྱོན་བཟོས། ཡང་ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༡ ཉིན་ཡུན་ནན་ཞིང་ཆེན་ཁུན་མེན་གྲོང་ཁྱེར་གྱི་མེ་འཁོར་འབབ་ཚིགས་སུ། མགོ་ལ་རས་ནག་པོས་གཡོགས་པའི་ཕོ་མོ་བཅུ་གྲངས་ཤིག་མི་ཚོགས་ཁྲོད་དུ་རྒྱུགས་ཏེ་གང་བྱུང་གྲིས་བརྒྱབས་ཏེ་འགྲུལ་བ་བཅུ་ཙམ་དམར་གསོད་བཏང་བ་དང་། མི་ ༡༠༠ ལྷག་ལ་རྨས་སྐྱོན་བཟོས་ཡོད་པ་དང་། དོན་རྐྱེན་བྱུང་མ་ཐག་རྒྱ་ནག་གཞུང་གིས་གཞུང་འབྲེལ་བརྒྱུད་ལམ་ཁག་ཏུ་དམར་གསོད་གཏོང་མཁན་རྣམས་ཡུ་གུར་དྲག་སྤྱོད་པ་ཡིན་སྐོར་བསྒྲགས་ཡོད་པ་རེད།

ཡང་འདས་པའི་ཞིབ་འཇུག་བསྡོམས་རྩིས་ལྟར་ན། ཕྱི་ལོ་ ༢༠༡༠ ནས་ ༢༠༡༢ བར་རྒྱ་ནག་གི་སློབ་གྲྭ་ཁག་གི་ནང་གང་བྱུང་གྲིས་བརྒྱབས་ཏེ་ཉུང་མཐར་མི་ ༢༥ དམར་གསོད་བཏང་བ་དང་མི་ ༡༠༠ ལྷ་ལ་རྨས་སྐྱོན་བཟོས་ཡོད་འདུག

བསྐྱར་བཅོས།: ༢༠༡༨/༠༥/༠༡

Leave a Reply

One thought on “གྲིས་བརྒྱབས་ཏེ་སློབ་ཕྲུག་མང་པོར་ཤི་རྨས་ཐེབས།

  1. གཞུང་པ་ཚེ་དབང་བསོད་ནམས་།

    རྒྱ་ནག་ནང་གྲི་གི་ལས་འགུལ་དང་ཨ་རིར་མེ་མདའི་ལས་འགུལ་འདི་དག་ཚང་མ་སྤྱི་ཚོགས་དྲང་བདེན་མེད་པ་དང་འདྲ་མཉམ་མེད་པ་འགོ་འདྲེན་དང་ཕྱོགས་གཏོགས་འོག་ནས་མི་མང་གི་འཚོ་བ་ལ་འགན་འཁུར་བའི་བྱེད་ལས་ནས་བྱུང་བ་ཞིག་མ་རེད་དམ་སྙིང་རྗེ་ཨོམ་མ་ཎི་པདྨེ་ཧུང་ཧྲི་་་་་་་་ཧྲི་་་་་་་་་་་་་་ཧྲི་ཧྲི་ཧྲི་་་་་་་་་་་་་ཧྲི་།