ཊོམ་ཕུ་ལ་ནོ་བྷེལ་ཞི་བདེའི་གཟེངས་རྟཊ་འབུལ་འོས་པ་འདུག

ཨ་རིའི་སྤྱི་མཐུན་ཚོགས་པའི་འཐུས་མི་ཚོས་སྲིད་འཛིན་ཊོམ་ཕུ་ལགས་ནས་མི་ལོ་ ༦༨ རིང་གི་ལྷོ་བྱང་ཀོ་རི་ཡའི་དམག་འཁྲུག་མཚམས་འཇོག་ཏུ་བཅུག་ཡོད་པས་ཁོང་ལ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་འཐོབ་འོས་སྐོར་བརྗོད་ཡོད་པ་རེད།ཁ་སང་ཕྱི་ཚེས་ ༢ ཉིན་ཨ་རིའི་སྲིད་འཛིན་ཊོམ་ཕུ་ལགས་ལ་རྒྱབ་སྐྱོར་གནང་མཁན་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་ནོ་བྷེལ་གཟེངས་རྟགས་ལྷན་ཚོགས་ལ་ཞུ་འཕྲིན་ཕུལ་ཏེ། སྲིད་འཛིན་ཊོམ་ཕུ་ལགས་འདི་ལོའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་འབུལ་ཡུལ་གྱི་འོས་མིར་མཚན་འདོན་ཞུས་ཡོད་པ་དང་། དེ་བཞིན་ཨ་རིའི་མི་མང་ནང་དུའང་དེ་ལ་རྒྱབ་སྐྱོར་བྱེད་མཁན་མང་པོ་ཡོང་གི་ཡོད་པས་ཊོམ་ཕུ་ལགས་ནས་དེ་ནི་དངོས་གནས་ཡག་པོ་ཞིག་རེད་ཐུགས་རྗེ་ཆེ་ཞེས་བརྗོད་ཡོད་འདུག

སྲིད་འཛིན་ཊོམ་ཕུ་ལགས་མཚན་འདོན་གྱི་ལས་འགུལ་སྣེ་འཁྲིད་པ་གཙོ་བོ་ནི་ཨ་རིའི་ཨེན་ཌི་ཡ་ནྰའི་མངའ་སྡེའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ལྰ་ཁེ་མྰེ་སར(Luke Messer)ལགས་ཡིན་པ་དང་། ཁོང་ཚོས་ནོ་བྷེལ་གཟེངས་རྟགས་ལྷན་ཚོགས་ལ་ཕུལ་བའི་ཞུ་འཕྲིན་ནང་དུ། ལྰ་ཁེ་མྰེ་སར་ལགས་ཀྱིས་ང་དང་ངའི་སྤྱི་མཐུན་ཚོགས་པའི་ལས་རོགས་ཚོས་སྲིད་འཛིན་ཊོམ་ཕུ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཀྱི་འོས་མིར་འཇུག་པའི་རྒྱབ་སྐྱོར་བྱེད་ཀྱི་ཡོད། སྲིད་འཛིན་ཊོམ་ཕུ་ལགས་ཀྱིས་ཕྱག་ལས་གནང་མགོ་ཚུགས་པ་ནས་འབད་བརྩོན་ལྷོད་མེད་ཀྱིས་ལྷོ་བྱང་ཀོ་རི་ཡའི་གནད་དོན་དང་། ལྷག་པར་དུ་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆའི་ཚོད་ལྟ་མཚམས་འཇོག་ཆེད་དུས་ནས་དུས་སུ་བྱང་ཀོ་རི་ཡར་དཔལ་འབྱོར་ལས་དོན་ཐད་ཕྱོགས་གང་ཐད་ནས་གནོན་ཤུགས་སྤྲད་པར་བརྟེན། མི་ལོ་༦༨ རིང་གི་ལྷོ་བྱང་ཀོ་རི་ཡའི་དམག་འཁྲུག་མཚམས་འཇོག་ཐུབ་སྟེ། ཡུལ་གཉིས་ནང་ཞི་བདེ་བསྐྲུན་ཐབས་གནང་གི་ཡོད་སྟབས། ཁོང་ལ་གཟེངས་རྟགས་དེ་འདྲ་ཞིག་འཐོབ་འོས་པ་ཞིག་རེད། ཅེས་བརྗོད་འདུག

སྤྱིར་ནོ་བྷེལ་ཞི་བདེའི་གཟེངས་རྟགས་འོས་ཁུངས་སུ་ཚུད་པར་མི་སྣ་དེའི་སྲིད་གཞུང་གི་རྒྱབ་སྐྱོར་དང་། དེ་བཞིན་གྲོས་ཚོགས་འཐུས་མི་དང་གཙུག་ལག་སློབ་གཉེར་ཁང་ཁག་གི་སློབ་དཔོན། དེ་སྔོན་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ་མྱོང་མཁན་སོགས་ཀྱིས་རྒྱབ་སྐྱོར་བྱེད་དགོས་ཀྱི་ཡོད་པ་དང་། ནོ་བྷེལ་གཟེངས་རྟགས་བཞེས་མཁན་དང་འོས་མིར་བཞེངས་བའི་མི་སྣ་ཚང་མ་མཛད་རྗེས་ཅན་ཤ་སྟག་ཡིན་ཡང་། རྒྱལ་སྤྱིའི་རྒྱལ་ཁབ་ཁག་ནས་རྒྱལ་ཁབ་ཀྱི་སྲིད་འཛིན་དང་ཆབ་སྲིད་མི་སྣ་སོགས་ལ་ཆབ་སྲིད་ཀྱི་དགོས་མཁོའི་དབང་གིས་འོས་ཁུངས་སུ་བཅུག་པར་རྒྱབ་སྐྱོར་བྱས་པ་སོགས་མང་པོ་བྱུང་གི་ཡོད་འདུག

ཕྱི་ལོ་༢༠༡༥ ལོར་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་དང་ཐའེ་ཝན་གོ་མིན་ཏང་ཚོགས་པའི་མགོ་འཁྲིད་སྐབས་དེའི་ཐའེ་ཝན་སྲིད་འཛིན་མྰ་ཡེན་ཇྰ་གཉིས་ཐུག་འཕྲད་བྱས་པ་ལ་བརྟེན་ནས།  རྒྱ་ནག་གཞུང་གི་མགོ་འཁྲིད་དང་པེ་ཅིན་ཆིན་ཧྭ་གཙུག་ལག་སློབ་ཆེན་གྱི་སློབ་དཔོན་ཁག་ཅིག་གིས་ཞི་ཅིན་ཕིན་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཀྱི་འོས་མིའི་ཁུངས་སུ་མཚན་འདོན་བྱས་ཡོད་པ་དང་། གནད་དོན་དེའི་ཐད་རྒྱལ་སྤྱིའི་ཐོག་ནས་ནོ་བྷེལ་གཟེངས་རྟགས་ལྷན་ཚོགས་རྒྱལ་ཁབ་ཁག་གི་ཆབ་སྲིད་ཀྱི་ལག་ཆར་འགྱུར་གྱི་ཡོད་པའི་སྐྱོན་བརྗོད་ཤུགས་ཆེན་བྱས་ཡོད་པ་རེད།

ཉེ་སྔོན་ལྷོ་བྱང་ཀོ་རི་ཡའི་སྲིད་འཛིན་ཐུག་འཕྲད་ཉིན་ཝ་ཤིན་ཊོན་དུ་སྲིད་འཛིན་ཊོམ་ཕུ་ཡིས་དེའི་སྐོར་མི་མང་ལ་གཏམ་བཤད་གནང་ཡོད་པ་དང་། སྐབས་དེར་མི་མང་ཁྲོད་ཁོང་ལ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་འཐོབ་དགོས་པའི་དགའ་འབོད་ཤུགས་ཆེན་བྱས་ཡོད་པ་དང་། སྲིད་འཛིན་ཊོམ་ཕུས་དེ་ནི་དངོས་གནས་ཡག་པོ་ཞིག་རེད། ཚང་མར་ཐུགས་རྗེ་ཆེ་ཞེས་བརྗོད་ཡོད་འདུག

གལ་ཏེ་སྲིད་འཛིན་ཊོམ་ཕུ་ལ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་འཐོབ་པ་ཡིན་ན། ཨ་རིའི་སྲིད་འཛིན་རིམ་ཕེབས་ཁྲོད་ཀྱི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་ལྔ་པ་དེ་ཆགས་ཀྱི་ཡོད་འདུག དེ་སྔ་ཨ་རིའི་སྲིད་འཛིན་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་རྣམས་ནི། སྲིད་འཛིན་སྐབས་༢༦ པ་སྐུ་ཞབས་ཐའོ་ཌོལ་རོ་སེ་ཝལ་ཊི(Theodore Roosevelt)ལགས་དང་། སྲིད་འཛིན་སྐབས་༢༨ པ་སྐུ་ཞབས་ཝོ་ཌི་རོ་ཝེལ་སོན(Woodrow Wilson)ལགས། སྲིད་འཛིན་སྐབས་༣༩ པ་སྐུ་ཞབས་རྗམ་མེ་ཁྰ་ཊར(Jimmy Carter)ལགས། སྲིད་འཛིན་སྐབས་༤༤ པ་སྐུ་ཞབས་ཨོ་བྷ་མྰ་(Barack Obama)བཅས་ཡིན་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༥/༠༣

Leave a Reply

4 thoughts on “ཊོམ་ཕུ་ལ་ནོ་བྷེལ་ཞི་བདེའི་གཟེངས་རྟཊ་འབུལ་འོས་པ་འདུག

  1. དེ་ནི་ངོ་མ་བདེན་པར་སྣང་། རྒྱུ་མཚན་ཁོང་གིས་རླབས་ཆེན་གྱི་བྱ་བཞག་གིས་རླབས་ཆེན་གྱི་གཟེངས་རྟགས་འབུལ་འོས་པ་ཞིག་རེད།

  2. ངག་དབང་ལགས

    ཧ་ཧ་ཧ་་ཧ་ཧ་ཧ་་ཧ་་་་་་ཞི་བདེའི་གཟེངས་རྟགས་སྤྲད་ས་རག་གི་མེད་པ་འདྲ་དེ་མིན་ལས་ཀ་ག་རེ་བྱས་ཡོད་མེད་ཤེས་ཀྱི་མེད་པ་འདྲ་སི་རི་ཡ་མེ་ཤུག་འཕུར་མདའ་མང་གཏོང་སོང་དེའི་ཆེད་དུ་གཟེངས་རྟགས་ཡིན་འགྲོ་་་ཧ་ཧ་ཧ་་ཧ་ཧ་

  3. གཞུང་པ་ཚེ་དབང་བསོད་ནམས་།

    ལྷོ་བྱང་ཀོ་རི་ཡའི་འབྲེལ་ལམ་དེ་ཡུལ་གཉིས་བར་གྱི་གོམ་པ་དང་པོ་ཙམ་ལས་འདིའི་འཇུག་འབྲས་སུ་གཅིག་གི་ཐག་གཅོད་ཐུབ་ཀྱི་མ་རེད་དོ་།

  4. སྲས་སྐུ་ངོ་།

    སྔོན་མ་ཨོ་བྷ་མ་ལགས་ཞི་བདེ་གཟེངས་རྟགས་སྤྲད་པར་ཞི་བདེ་གཟེངས་རྟགས་ཀྱི་ཆེས་མཐོང་གང་འཚམས་མར་ཆགས་པ་རེད། ད་ལོ་ཁྲི་རོན་པུ་ལ་ཞི་བདེ་གཟེངས་རྟགས་ན་དེ་བས་མར་ཆགས་ཀྱི་རེད། མ་གཞི་ཁྲི་རོན་པུ་ཡིས་བྱང་ཀོ་རེ་ཡ་ལ་དཔའ་འབྱོར་དང་དམག་དཔུང་གི་འཇིགས་སྐུལ་བྱས་ཏེ་དེང་གི་གནས་སྟངས་འདི་བསླེབས་པ་རེད།