དྲག་ཆར་གྱིས་མི་ ༡༢༥ ལྷག་རྐྱེན་འདས་སུ་བཏང་།

འདས་པའི་ཉིན་གཉིས་ཀྱི་རིང་རྒྱ་གར་ནུབ་བྱང་ཁུལ་དུ་ཆར་རླུང་དྲག་པོ་བྱུང་སྟེ་མི་རྒྱུ་གཉིས་ལ་གནོད་སྐྱོན་ཆེན་པོ་ཐེབས་ཡོད་འདུགརྒྱ་གར་གྱི་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁེ་ཉིན་ཕྱི་ཚེས་ ༢ ཉིན་ནས་བཟུང་ཉིན་གཉིས་ཀྱི་རིང་རྒྱ་གར་ཨུ་ཊར་མངའ་སྡེ་དང་ར་ཇི་སི་ཐན་གྱི་བྱང་ཕྱོགས་ཁུལ་དུ་དྲག་ཆར་རླུང་འཚུབ་ཤུགས་ཆེན་བྱུང་སྟེ། དེ་རིང་བར་ཉུང་མཐར་མི་གྲངས་ ༡༢༥ ལྷག་རྐྱེན་འདས་དང་མི་ ༢༠༠ ལྷག་ལ་རྨས་སྐྱོན་ཕོག དེ་བཞིན། ཁྱིམ་ཚང་མང་པོའི་ཁང་པ་སོགས་རྒྱུ་དངོས་ལ་གཏོར་སྐྱོན་ཆེན་པོ་ཐེབས་ཡོད་པ་དང་། རྒྱ་གར་གྱི་གནས་གཤིས་བརྟག་དཔྱད་ཁང་གིས། ད་དུང་མུ་མཐུད་ཆུ་ཚོད་ ༢༤ རིང་དྲག་ཆར་རླུང་འཚུབ་ཀྱི་ཉེན་ཁ་ཆེན་པོ་ཡོད་པས་ཡུལ་མི་རྣམས་ཉེན་གཡོལ་དུ་འགྲོ་དགོས་པའི་སྔོན་བརྡ་བཏང་འདུག

ཐེངས་འདིའི་ཆར་རླུང་དྲག་པོའི་འཁྲུག་རྐྱེན་འོག་ས་ཁུལ་དེ་དག་ཏུ་འགྲོ་ལམ་གཙོས་གློག་སྡོང་དང་ཤིང་སྡོང་འགྱེལ་ཏེ་ཛ་དྲག་མྱུར་སྐྱོབ་སོགས་ཀྱི་འབྲེལ་ལམ་ཡོངས་ལ་ཤུགས་རྐྱེན་ཐེབས་ཡོད་པ་མ་ཟད། འབྲུག་སྒྲ་གྲགས་ཏེ་དྲག་ཆར་རླུང་འཚུབ་ཆེན་པོ་མུ་མཐུད་བྱུང་གི་ཡོད་པ་དང་། གཞན་དྲག་ཆར་གྱིས་རྒྱལ་ས་ལྡི་ལི་དང་ཏ་ཇི་མ་ཧལ་ཁུལ། དེ་བཞིན་ཨན་ཌི་ར་མངའ་སྡེ་སོགས་སུ་ཤུགས་རྐྱེན་ཐེབས་ཡོད་འདུག

རྒྱ་གར་གྱི་སྲིད་བློན་མུ་དྷི་མཆོག་གིས་ཊི་ཊིར་ནང་། ཆར་རླུང་དྲག་པོའི་གནོད་སྐྱོན་ཁྲོད་མི་རྒྱུ་སོགས་ལ་གྱོང་གུད་ཐེབས་པའི་ནང་མི་ཡོངས་ལ་བློ་ཕམ་དང་གདུང་སེམས་མཉམ་སྐྱེད་བྱེད་ཀྱི་ཡོད་པ་མ་ཟད། མངའ་སྡེའི་འབྲེལ་ཡོད་ལྷན་ཁང་བརྒྱུད་གོད་ཆག་བྱུང་ཡུལ་ཁག་ལ་མཐུན་འགྱུར་རོགས་རམ་དགོས་པའི་འབོད་སྐུལ་ཞུ་ཡི་ཡོད། ཅེས་གསུངས་འདུག

ཨུ་ཊར་མངའ་སྡེ་གཞུང་གིས་ཐེངས་འདིའི་ཆག་འཇིག་ཁྲོད་རྐྱེན་འདས་སུ་ཕྱིན་པ་རྣམས་ཀྱི་ཁྱིམ་ཚང་རེར་ཧིན་འབུམ་ ༤ རེ་དང་། རྨས་སྐྱོན་ཚབས་ཆེན་ཕོག་པའི་མི་རེར་ཧིན་སྒོར་འབུམ་ ༢ རེའི་གུན་གསབ་སྤྲོད་རྒྱུ་ཡོངས་བསྒྲགས་བྱས་ཡོད་པ་རེད།

ཨུ་ཊར་མངའ་སྡེའི་སྐྱོབ་གསོ་ཚན་པའི་མགྲིན་ཚབ་པས། ཐེངས་འདིའི་ཆར་རླུང་ཁྲོད་མི་འདས་གྲོངས་སུ་ཕྱིན་པ་ནི་འདས་པའི་ལོ་ངོ་ ༢༠ ནང་བྱུང་མ་མྱོང་བའི་གྱོང་གུད་ཚད་མཐོ་ཤོས་དེ་ཆགས་ཡོད་ལ། ད་ལྟ་ད་དུང་རྐྱེན་འདས་སུ་ཕྱིན་པའི་མིའི་གྲངས་འབོར་ཇེ་མང་དུ་འགྲོ་ཡི་ཡོད་སྟབས། མི་མང་གིས་གཟབ་གཟབ་བྱས་ནས་འདུག་རོགས། ཞེས་བརྗོད་འདུག

ཟླ་སྔོན་མའི་ཕྱི་ཚེས་ ༡༢ ཉིན་ཨུ་ཊར་མངའ་སྡེ་དང་ར་ཇི་སི་ཐན་དུ་དུས་ཡུན་ཆུ་ཚོད་བཞིའི་རིང་དྲག་ཆར་དང་ལྷག་རླུང་བརྒྱབས་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རིག་དངོས་ཤུལ་བཞག་སྲུང་སྐྱོབ་ཀྱི་ཁོངས་སུ་ཡོད་པའི་རྒྱ་གར་གྱི་རིག་དངོས་གྲགས་ཅན་ཏྰ་ཇི་མ་ཧལ་ལ་གཏོར་སྐྱོན་ཐེབས་པ་དང་། ཁང་པ་དང་རྩིག་གྱང་འགྱེལ་སྟེ་མི་གྲངས་ ༤༢ རྐྱེན་འདས་དང་མི་ ༢༠༠ ལྷག་ལ་རྨས་སྐྱོན་བཟོས། དེ་བཞིན་བ་གླང་དང་ལུག་བཅས་སྒོ་ཟོག་སེམས་ཅན་ ༤༠ ལྷག་བསད་པ་སོགས་མི་རྒྱུ་གཉིས་ལ་གནོད་པ་ཆེན་པོ་ཐེབས། དེ་བཞིན། ཕྱི་ལོ་ ༢༠༡༧ ལོར་རྒྱ་གར་ཏ་མན་ན་ཌུ་དང་ཀེ་རེ་ལྰ་མངའ་སྡེ་གཉིས་ནང་ཆུ་ཚོད་ ༦ རིང་དྲག་རླུང་གཡུགས་ཏེ། མི་གྲངས་ ༡༧ རྐྱེན་ལམ་དུ་བཏང་ཡོད་པ་དང་། ཕྱི་ལོ་ ༢༠༡༠ ལོར་ཏ་མན་ན་ཌུ་དང་ཨན་དྷི་ར་མངའ་སྡེ་གཉིས་ནང་དྲག་རླུང་གཡུགས་ཏེ་མི་༥༩ བསད་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༨/༠༥/༠༤

Leave a Reply

One thought on “དྲག་ཆར་གྱིས་མི་ ༡༢༥ ལྷག་རྐྱེན་འདས་སུ་བཏང་།

  1. གཞུང་པ་ཚེ་དབང་བསོད་ནམས་།

    འགྲོ་བའི་ཚེ་སྲོག་འབྱུང་བའི་གནོད་འཚེའི་འོག་།
    འཛམ་གླིང་ས་ཕྱོགས་གང་སར་གོད་ཆགས་མང་།
    ལས་རླུང་རྐྱེན་དང་སྔོན་བསགས་མཐུ་བཙན་པས་།
    ས་ཕྱོགས་གང་སར་འབྱུང་བའི་གནོད་འཚེ་མང་།
    འབྱུང་བཞིའི་ལྷ་མོའི་འགྲོ་ཀུན་རྟགས་ཏུ་སྲུངས་།