སུན་ཀྲིན་ཚའེ་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད།

 སུན་ཀྲིན་ཚའེ་ཡིས་མི་སྒེར་དང་ཚོགས་པ་ཁག་ནས་རྒྱ་སྒོར་ས་ཡ་ ༡༧༠ ཡི་ལྐོག་རྔན་བླངས་པའི་ཉེས་མིང་འོག་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ཡོད་འདུག

 རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། དེ་རིང་རྒྱ་ནག་ཐེན་ཅིན་འབྲིང་རིམ་མི་མང་ཁྲིམས་ཁང་ཟེར་བས་རྒྱ་ནག་ལྷོ་ནུབ་ཁྲུང་ཆིན་གྲོང་ཁྱེར་གྱི་དམར་ཤོག་ཚོགས་པའི་དྲུང་ཆེ་ཟུར་པ་དང་། རྒྱ་ནག་དབུས་ཆབ་སྲིད་ལྷན་ཁང་གི་ཚོགས་མི་ཟུར་པ་སུན་ཀྲིན་ཚའེ་ཡིས་ཕྱི་ལོ་ ༢༠༠༢ ནས་ ༢༠༡༧ བར་ཚོགས་པ་དང་མི་སྒེར་གྱི་ལས་གཞི་འཛུགས་སྐྲུན་དང་། ཚོང་ལས། དེ་བཞིན། ཆབ་སྲིད་ཀྱི་གོ་གནས་ཇེ་མཐོར་གཏོང་བ་སོགས་བྱས་ཏེ་ལྐོག་རྔན་རྒྱ་སྒོར་ས་ཡ་ ༡༧༠ བླངས་པའི་ཉེས་མིང་འོག་ཚེ་གང་བཙོན་འཇུག་བྱ་རྒྱུ་ཡིན་པའི་ཁྲིམས་ཐག་བཅད་ཡོད་འདུག

 ཐེན་ཅིན་འབྲིང་རིམ་མི་མང་ཁྲིམས་ཁང་གིས། སུན་ཀྲིན་ཚའེ་ནི་དམར་ཤོག་ལས་བྱེད་རྒན་པ་ཞིག་ཡིན་པས་རྗེས་འཇུག་པ་ཚོར་ཁྲིམས་སྲིད་སྐྱོང་སྟངས་ཐད་མིག་དཔེ་སྟོན་དགོས་ཀྱི་ཡོད་ཀྱང་། ཁོས་ལྐོག་རྔན་འབོར་ཆེན་བླངས་པ་དེས་དམར་ཤོག་ཚོགས་པའི་ལས་དོན་ཡོངས་ལ་ཁྱད་གསོད་བྱས་པ་མ་ཟད། དམར་ཤོག་ཚོགས་པའི་མཐུན་སྒྲིལ་ལ་གཏོར་བཤིག་བཏང་སྟེ་ངོ་གནོང་དགོས་པའི་ལས་ཀ་བྱས་པར་བརྟེན། སུན་ཀྲིན་ཚའེ་ཡི་ད་ལྟའི་བར་ལྐོག་རྔན་བླངས་བའི་རྒྱུ་དངོས་ཡོངས་རྫོགས་གཞུང་ལ་རྩིས་སྤྲོད་བྱེད་དགོས་པ་མ་ཟད། སྒེར་གྱི་རྒྱུ་དངོས་ཚང་མ་གཞུང་བཞེས་བཏང་སྟེ་ཆབ་སྲིད་ཀྱི་བདག་དབང་ཡོངས་རྫོགས་བླངས་པ་ཡིན། ཞེས་བཅད་ཁྲ་བཏང་ཡོད་པ་དང་། སྐབས་དེར་སུན་ཀྲིན་ཚའེ་ཡིས་རང་ཉིད་ཀྱི་ནག་ཉེས་ངོས་ལེན་བྱས་ཏེ་གྱོད་སེམས་ཆེན་པོའི་ངང་མ་འོངས་པར་བཅོས་སྒྱུར་བྱ་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག

ཕྱི་ལོ་ ༢༠༠༢ ནས་ ༢༠༡༧ བར་ལྐོོག་རྔན་འབོར་ཆེན་ལེན་སྐབས་སུན་ཀྲིན་ཚའེ་པེ་ཅིན་ཧྲན་ཡེ་(Shunyi)རྫོང་དམར་ཤོག་ཚོགས་པའི་ཚོགས་གཙོ་དང་། དབུས་ཆབ་སྲིད་ལྷན་ཁང་གི་ཚོགས་མི། ཁྲུང་ཆིན་གྲོང་ཁྱེར་གྱི་དམར་ཤོག་དྲུང་ཆེ། ཞིང་ཆེན་རིམ་པའི་ཐོན་ལས་བློན་ཆེན། ཅི་ལིན་(Jilin)མངའ་སྡེའི་དམར་ཤོག་དྲུང་ཆེ་བཅས་ཀྱི་ལས་གནས་འཁུར་ཡོད་པ་རེད།

 ཕྱི་ལོ་ ༢༠༡༧ ཟླ་ ༧ པའི་ཚེས་ ༡༤ ཉིན་སུན་ཀྲིན་ཚའེ་རྒྱ་ནག་དབུས་གཞུང་གིས་པེ་ཅིན་དུ་སྐད་བཏང་ནས་དགོང་མོ་དེར་གསོལ་མགྲོན་ཁང་ཞིག་ཏུ་གློ་བུར་བཀག་ཉར་བྱས་ཡོད་པ་དང་། ཕྱི་ཚེས་ ༡༥ ཉིན་ཁོའི་ཚབ་ཏུ་ཀེའུ་ཀྲུའུ་དམར་ཤོག་དྲུང་ཆེ་ཁྲིན་མིན་ཨིར་(Chen Miner)བསྐོ་བཞག་བྱས་པ་ཁྱབ་བསྒྲགས་བྱས་ཡོད་པ་རེད། སྐབས་དེར་རྒྱ་ནག་དབུས་སྒྲིག་ཁྲིམས་ཞིབ་བཤེར་ཁང་གིས་སུན་ཀྲིན་ཚའེ་ཡིས་དབང་ཆ་ལོག་སྤྱོད་ཀྱིས་རང་ཉིད་ལ་ཁེ་ཕན་བསྐྲུན་པ་མ་ཟད། ཁོས་རྒྱ་ནག་དམར་ཤོག་ཚོགས་པའི་གསང་བ་ཕྱིར་གྱར་དང་དབང་ཆ་སྒེར་སྤྱོད་བྱས་ཡོད་པའི་ཉེས་འཛུགས་འོག་ཆེས་མཐོའི་ཁྲིམས་ཁང་གིས་ཞིབ་བཤེར་བྱས་ཡོད་པ་རེད།

ཕྱི་ལོ་༢༠༡༢ ་ལོ་ནས་སྲིད་འཛིན་ཞི་ཅིན་ཕིན་གྱིས་སྟག་དང་སྦྲང་མ་མཉམ་རྡུང་གིས་ལྐོག་ཟ་རུལ་སུངས་གཙང་བཟོའི་ལས་འགུལ་སྤེལ་བ་ནས་ད་བར་རྒྱ་ནག་ནང་མི་གྲངས་ས་ཡ་༡།༤ ལྷག་ལ་ཞིབ་བཤེར་ཉེས་ཆད་ཕོག་ཡོད་པ་དང་། གཙང་སེལ་ཁྲོད་རྒྱ་ནག་གི་མཐོ་རིམ་མགོ་འཁྲིད་༣༠༠ མ་ཟིན་ཙམ་དང་ཉུང་མཐར་དམག་དཔོན་སོགས་དམག་དོན་སྲི་ཞུའི་ལས་བྱེད་ ༡༣༠༠༠ ཙམ་ལ་ཞིབ་བཤེར་ཁྲིམས་ཆད་ཕོག་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༨/༠༥/༠༨

Leave a Reply