ས་ག་ཟླ་བ་སྲུང་གཙི་མི་ཆོག

ཆབ་མདོ་གྲོང་ཁྱེར་གྱི་བྱིས་གསོ་ཁང་ཞིག་གིས་ཁྱིམ་བདག་རྣམས་ལ་བཀའ་རྒྱ་བསྒྲགས་ཏེ་ས་ག་ཟླ་བའི་ནང་དགོན་པ་དང་ཆོས་ལུགས་བྱེད་སྒོར་ཞུགས་ན་སྒྲིག་འགལ་ཆད་པ་གཅོད་རྒྱུ་ཡིན་ཞེས་བརྗོད་འདུག

རྒྱ་ནག་གཞུང་གིས་ལོ་ལྟར་ས་ག་ཟླ་བའི་ནང་གཞུང་གི་ལས་བྱེད་དང་སློབ་ཕྲུག དེ་བཞིན་སློབ་ཕྲུག་གི་ཁྱིམ་བདག་སོགས་ནས་ཆོས་ལུགས་ཀྱི་བྱེད་སྒོ་གང་ཡང་སྤེལ་མི་ཆོག་པའི་བཙན་བཀའ་གཏོང་བཞིན་ཡོད་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༡༤ ཉིན་ཆབ་མདོ་གྲོང་ཁྱེར་བྱིས་གསོ་ཁང་གཉིས་པ་ཟེར་བ་དེས། བྱིས་པའི་ཁྱིམ་བདག་རྣམས་ལ་བསྒྲགས་གཏམ་ཞིག་སྤེལ་ཏེ། ས་ག་ཟླ་བའི་ནང་བྱིས་པ་དང་བྱིས་པའི་ཁྱིམ་བདག་བཅས་དགོན་པ་དང་ཆོས་ལུགས་བྱེད་སྒོ་སོགས་ལ་ཞུགས་མི་ཆོག་པ་དང་། བྱེད་སྒོ་དེ་རིགས་ལ་ཞུགས་ཀྱི་ཡོད་པ་རྩད་གཅོད་བྱུང་ཚེ་ཐད་ཀར་གྲོང་ཁྱེར་སློབ་གསོ་ཁང་ལ་རྩིས་སྤྲོད་རྒྱུ་དང་། གོང་རིམ་ནས་གསང་བའི་ལྟ་སྐུལ་བྱས་ཏེ་སྒྲིག་སྲོལ་དང་འགལ་བའི་གནས་ཚུལ་ཧ་གོ་ན་ཐག་གཅོད་བྱ་རྒྱུ་ཡིན་པའི་བཀའ་རྒྱ་བསྒྲགས་འདུག

ཁྱིམ་བདག་ལ་བསྒྲགས་པའི་ཡི་གེ་ཟེར་བ་དེའི་ནང་དུ། ས་ག་ཟླ་བ་ཟིན་སྐབས་བོད་རང་སྐྱོང་ལྗོངས་སློབ་གསོ་ལས་དོན་ཨུ་ལྷན་དང་གྲོང་ཁྱེར་མི་མང་སྲིད་གཞུང་། གྲོང་ཁྱེར་སློབ་གསོ་ཁང་བཅས་ཀྱི་བཀོད་པའི་ཡིག་ཆར་གཞི་འཛིན་ནས་ཡིག་ཆའི་ནང་དོན་རྒྱ་ཆེའི་ཁྱིམ་བདག་རྣམ་པ་བརྒྱུད་བསྒྲགས་བཏང་རྒྱུ་ནང་དོན་གཤམ་གསལ། གཅིག བྱིས་པ་རྣམས་ལ་བསམ་བློའི་སློབ་གསོ་སྐུལ་འདེད་གཏོང་ཆེད། བྱིས་ཕྲུག་དགོན་པ་དང་ཆོས་ལུགས་བྱེད་སྒོ་སོགས་ལ་འཁྲིད་མི་ཆོག གཉིས། ཁྱིམ་བདག་བྱིས་པར་ལྟ་སྐྱོང་མཁན་ཡིན་པས་ཁྱིམ་བདག་ཡང་དགོན་པ་དང་ཆོས་ལུགས་བྱེད་སྒོ་སོགས་ལ་འགྲོ་མི་ཆོག གསུམ། གོང་རིམ་སྡེ་ཁག་གིས་ལྐོག་ལ་ལྟ་སྐུལ་བྱས་ནས་སྒྲིག་སྲོལ་འགལ་མཁན་ལ་ཐག་གཅོད་བྱེད་རྒྱུ། བཞི། སློབ་གྲྭའི་ཉིན་རེ་བཞིན་ཕྲུ་གུ་ལས་ཆད་རྗེས་འདེད་བྱས་ནས་ལྐོག་ལ་དགོན་པ་དང་ཆོས་ལུགས་བྱེད་སྒོ་སོགས་ལ་འཁྲིད་པ་ཧ་གོ་ན། ཐད་ཀར་གྲོང་ཁྱེར་སློབ་གསོ་ཁང་ལ་རྩིས་སྤྲོད་རྒྱུ། ལྔ། རྒྱ་ཆེའི་ཁྱིམ་བདག་རྣམ་པས་ཕྲུ་གུའི་བདེ་འཇགས་དོ་དམ་བྱས་པ་བརྒྱུད་སློབ་གྲྭའི་ལས་དོན་ལ་རྒྱབ་སྐྱོར་གནང་རོགས། ཞེས་བརྗོད་འདུག

བསྐྱར་བཅོས།: ༢༠༡༨/༠༥/༡༦

Leave a Reply

One thought on “ས་ག་ཟླ་བ་སྲུང་གཙི་མི་ཆོག