ཨི་བྷོ་ལ་ནད་ཡམས་བསྐྱར་དུ་ཁྱབ་ཀྱི་འདུག

དྲག་སྐྱེད་དཀའ་བའི་ནད་ཡམས་ཨི་བྷོ་ལ་ཟེར་བ་དེ་ཨ་ཧྥེ་རི་ཁའི་ནང་ཡང་བསྐྱར་ཁྱབ་བརྡལ་དུ་ཕྱིན་ཏེ་སྟངས་འཛིན་དཀའ་བའི་གནས་སུ་ལྷུང་བཞིན་ཡོད་འདུག

དེ་རིང་རྒྱལ་སྤྱིའི་གསར་ཁང་ཁག་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཨ་ཧྥེ་རི་ཁ་རྒྱལ་ཁབ་ཀྱི་དཀྱིལ་སྙིང་དུ་ཡོད་པའི་གོང་གྷོ(Congo)རྒྱལ་ཁབ་ནང་། དེ་སྔོན་ནས་དྲག་སྐྱེད་དཀའ་བའི་ཨེ་བྷོ་ལཱ་(Ebola) ནད་ཡམས་ཤུགས་ཆེན་ཁྱབ་ཡོད་པ་ལྟར། ད་ལྟའི་ཆར་ན་ཚ་དེ་གྲོང་ཁྱེར་ཁག་ཏུ་ཁྱབ་ཚད་ཆེ་རུ་ཕྱིན་ཏེ་སྟངས་འཛིན་དཀའ་བའི་གནས་སྟངས་འོག་ལྷུང་གི་ཡོད་འདུག

ཡུལ་དེའི་འཕྲོད་བསྟེན་བློན་ཆེན་ཨོ་ལེ་ཨོལན་གྷ་ཀཱ་ལིན་གྷ(Oly Ilunga Kalenga)ཡིས་ནད་གཞི་དེ་ད་ལྟ་མི་འབོར་ས་ཡ་གཅིག་ལྷག་ཡོད་པའི་གྲོང་ཁྱེར་(Mbandaka) ནང་འགོས་ཁྱབ་ཏུ་འགྲོ་བཞིན་ཡོད་པ་དང་། གྲོང་ཁྱེར་དེ་ནི་ཟླ་སྔོན་མའི་ནང་ཨེ་བྷོ་ལཱ་ནད་ཡམས་བྱུང་སའི་གྲོང་ཁྱེར་ནས་སྤྱི་ལེ་༡༣༠ སར་ཡོད་པ་དང་། གྲོང་ཁྱེར་དེ་ནི་ཡུལ་དེའི་རྒྱལ་ས་ཁེན་ཤཱ་སཱ་(Kinshasa) དང་དངོས་ཟོག་སྐྱེལ་འདྲེན་གྱི་ས་ཚིགས་གཙོ་བོ་ཞིག་ཆགས་ཡོད་སྟབས། མི་ ༢༣ ནད་ཡམས་དེའི་རྐྱེན་གྱིས་གྲོངས་ཡོད་པ་དང་མི་གྲངས་༤༢ ལ་ན་ཚ་འགོས་ཡོད་པ་ཤེས་རྟོགས་བྱུང་ཡོད་སྐོར་བརྗོད་འདུག

ཨི་བྷོ་ལ་ནད་ཡམས་དེ་ཕྱི་ལོ་ ༢༠༡༤ ལོ་ནས་ཨ་ཧྥེ་རི་ཁའི་ནུབ་ཕྱོགས་རྒྱལ་ཁབ་ལེ་བྷི་རི་ཡ་(Liberia)དང་གྷི་ནི(Guinea)། སེ་ར་ལོན(Sierra Leone) ནེ་ཇི་རེ་ཡ་(Nigeria)སོགས་ཀྱི་ནང་ཁྱབ་ཚད་ཤུགས་ཆེན་ཕྱིན་ཡོད་པ་དང་། འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་(WHO)ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཨ་ཧྥེ་རི་ཁའི་འཕྲོད་བསྟེན་ས་ཚིགས་གསུམ་ནས་ཨི་བྷོ་ལ་ནད་ཡམས་བྱུང་ཡོད་པ་ངེས་རྟོགས་བྱུང་ཡོད་པ་དང་། ཁ་སང་ཡུལ་དེའི་མི་གྲངས་༤༠༠༠ ལྷག་ལ་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ནས་བརྟག་དཔྱད་བྱས་ཡོད་འདུག་ལ། མུ་མཐུད་བརྟག་དཔྱད་བྱེད་འཆར་ཡོད་འདུག

ནད་ཡམས་དེ་ཤུགས་ཆེན་ཁྱབ་པའི་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁག་ཅིག་གིས་རྒྱལ་སྤྱིའི་སྨན་རྫས་བཟོ་གྲྭ་ཁག་ལ་ནད་ཡམས་སྔོན་འགོག་ཆེད་སྨན་བཟོ་དགོས་པའི་འབོད་སྐུལ་ཞུས་པ་ལྟར། ཨ་རིའི་སན་ཌའེ་གྷོ་གྲོང་ཁྱེར་ནང་ཡོད་པའི་མེབ་ (Mapp Biopharmaceutica)སྨན་རྫས་བཟོ་གྲྭས་ཚོད་ལྟའི་སྨན་ (ZMapp) ཞེས་པ་ཞིག་གསར་བཟོ་བྱས་ཏེ། ཨི་བྷོ་ལ་ནད་པ་འགར་ཚོད་ལྟ་བྱས་པར་གྲུབ་འབྲས་ཡག་པོ་ཐོན་ཏེ་ཨ་ཧྥེ་རི་ཁའི་ནང་བཏང་ཡོད་ན་ཡང་། ད་ལྟའི་ཆར་ནད་ཡམས་དེ་བསྐྱར་དུ་འགོས་ཁྱབ་འགྲོ་བཞིན་ཡོད་འདུག

ཕྱི་ལོ་༢༠༡༤ ལོར་ཨི་བྷོ་ལ་ནད་ཡམས་སྔོན་འགོག་ཆེད་ཨ་རིས་ཨ་སྒོར་ས་ཡ་ ༡༢།༤༥ ཡི་རོགས་དངུལ་དང་། ཡུ་རོབ་མཐུན་ཚོགས་ནས་ཨ་སྒོར་ས་ཡ་ ༡༠།༧  རྒྱ་ནག་གཞུང་གིས་ཨ་སྒོར་ས་ཡ་ ༤།༩ དང་། དེ་བཞིན་སྨན་དང་བརྟག་དཔྱད་གཡོ་ཆས་སོགས་མཁོ་སྤྲོད་གནང་སྟེ་སྤྱིའི་ཆ་ནས་ནད་ཡམས་ཀྱི་འགོས་ཚད་ཅུང་ཙམ་ཉུང་དུ་ཕྱིན་ཡོད་ན་ཡང་། ད་ལྟ་ནད་གཞི་དེ་བསྐྱར་དུ་ཁྱབ་ཚད་ཆེ་རུ་འགྲོ་བཞིན་ཡོད་པ་མ་ཟད་ཞིབ་འཇུག་པ་ཚོས་ནད་ཡམས་དེ་ཨེ་ཤ་ཡ་དང་ཡུ་རོབ་ཁག་གཙོས་རྒྱལ་སྤྱིའི་རྒྱལ་ཁབ་ཁག་ཅིག་ལ་ཁྱབ་བརྡལ་འགྲོ་ཉེན་ཆེན་པོ་ཡོད་པའི་ཉེན་བརྡ་བཏང་ཡོད་པ་རེད།

ཞིབ་འཇུག་པས་བརྗོད་པ་ལྟར་ན། ཨི་བྷོ་ལ་ཞེས་པའི་ནད་ཡམས་དེ་ཐོག་མར་ཕ་ཝང་ལས་འགྲོ་བ་མིར་འགོས་ཁྱབ་ཏུ་ཕྱིན་ཡོད་པ་དང་། ཕྱི་ལོ་ ༡༩༧༦ ནང་དྲག་སྐྱེད་དཀའ་བའི་ནད་ཡམས་ཤིག་ཡིན་པ་གསར་རྟོགས་བྱུང་ཞིང་། ཕྱི་ལོ་༢༠༡༤་ལོ་ནས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁག་ཅིག་ནང་ཁྱབ་ཚད་ཆེ་རུ་ཕྱིན་ཏེ། ཕྱི་ལོ་༢༠༡༦་བར་མི་གྲངས་ ༡༡༣༡༥ ལྷག་འདས་གྲོངས་སུ་སོང་ཡོད་པ་དང་། མི་གྲངས་ ༢༨༦༣༧ ལྷག་ལ་ནད་ཡམས་དེ་འགོས་ཡོད་པའི་སྙན་ཐོ་བཏོན་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༥/༡༧

Leave a Reply