དེ་རིང་སྔ་དྲོར་སྤྱི་འཐུས་ཚོགས་ཟུར་སྤེན་པ་ཚེ་རིང་ལགས་ནས་ཨ་རིའི་དོན་གཅོད་འཕོ་འགྱུར་དང་འབྲེལ་བའི་གནད་དོན་ཁག་ཅིག་གི་ཐོག་ཁྲིམས་གཏུགས་ཞུས་ཡོད་པ་རེད།
དེ་རིང་སྔ་དྲོའི་ཆུ་ཚོད་ ༩།༣༠ ཡས་མས་ཙམ་གྱི་ཐོག སྤྱི་འཐུས་ཚོགས་ཟུར་སྤེན་པ་ཚེ་རིང་ལགས་ཀྱིས་ཨ་རིའི་དོན་གཅོད་འཕོ་འགྱུར་དང་འབྲེལ་བའི་གནད་དོན་ཁག་ཅིག་གི་ཐོག་ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཁྲིམས་གཏུགས་ཞུས་ཡོད་པ་དང་། སྐབས་དེར་གསར་འགོད་པས་གྱོད་གཞི་ག་རེའི་ཐོག་ཁྲིམས་གཏུགས་གནང་གི་ཡོད་སྐོར་དྲིས་པར་ཁོང་གིས། གྱོད་གཞི་དེ་ཚོའི་སྐོར་ལ་དམིགས་བསལ་ཞུ་བའི་འདོད་པ་གང་ཡང་མེད། ཁྲིམས་ཞིབ་ཁང་ལ་བཅར་རྗེས་གཞི་ནས་གནས་ཚུལ་གསལ་པོ་ཆགས་ཡོང་གི་རེད། ཁྲིམས་ཞིབ་ཁང་ནས་ངོས་ལེན་གནང་སོང་ན་གནས་ཚུལ་ག་རེ་དང་ག་རེའི་སྒང་གྱོད་གཏུག་བྱེད་ཀྱི་ཡོད་པ་ཁ་གསལ་པོ་ཆགས་ཡོང་གི་རེད། གྱོད་གཞི་དེ་མ་ཉེས་ཁག་གཡོགས་ཀྱིས་ངས་བྱས་མེད་པ་ཞིག་ལ་བྱས་པ་རེད་གསུང་གི་ཡོད་པ་རེད། དེའི་བརྒྱུད་རིམ་ཆ་ཚང་ཞིག་ངས་ཞུ་མ་དགོས་པར་རྣམ་པ་ཚོས་མཁྱེན་གྱི་ཡོད་པ་རེད། ཁྲིམས་ཀྱི་གནད་དོན་ཆགས་ཀྱི་ཡོད་པས་ཁྲིམས་ཞིབ་ཁང་ནས་ཐག་གཅོད་ག་རེ་གནང་བ་ཡིན་ན་དེ་གཞིར་བཟུང་འགྲོ་རྒྱུ་ཡིན། ཞེས་གསུངས་བྱུང་།
ཁྲིམས་གཏུགས་བརྒྱུད་སྤྱི་ཚོགས་ནང་འཁྲུག་ཆ་ཡོང་མིན་ཐད་ཁོང་གིས། སྤྱི་ཚོགས་ནང་གི་འཁྲུག་ཆ་ཞི་འཇམ་ཡོང་ཐབས་སུ་ཐབས་ལམ་གཉིས་ཡོད། གཅིག་དེ་འཛིན་སྐྱོང་གི་ངོས་ནས་ཐུགས་འགན་བཞེས་རྒྱུ་དང་། གཉིས་པ་དེ་ཁྲིམས་ཞིབ་ཁང་ནས་གཙང་མ་བཟོ་རྒྱུ་དེ་གཉིས་རེད་མ་གཏོགས། ང་ཚོ་ང་རང་ཚོའི་བོད་མིའི་སྒྲིག་འཛུགས་ཀྱིས་བཙུགས་བཞག་ཡོད་པའི་དམངས་གཙོའི་ཀ་བ་གསུམ་གྱི་བརྒྱུད་རིམ་ཆ་ཚང་ཞིག་འགྲོ་དགོས་ཀྱི་ཡོད་པ་རེད། འདི་ནི་ཁྲིམས་ཞིབ་ཁང་གིས་ཐག་གཅོད་དགོས་པའི་གནད་དོན་ཞིག་ཡིན་དུས། ཁྲིམས་ཞིབ་ཁང་ལ་འགྲོ་ཡི་ཡོད་པའི་རྒྱུ་མཚན་ལ་བརྟེན་ནས་མི་མང་ནང་འཁྲུག་ཆ་ཡོང་དགོས་པའི་རྒྱུ་མཚན་ཞིག་རྩ་བ་ཉིད་ནས་ཆགས་ཡོད་པ་མེད། ཁྲིམས་ཞིབ་ཁང་ནས་ཐག་གཅོད་བྱས་རྗེས་མི་མང་ལྷིང་འཇགས་ཡོང་བར་ངས་རེ་བ་ཞུ་ཡི་ཡོད། གལ་སྲིད་ཁྲིམས་ཁང་ལ་ཡར་མ་བཅར་བ་ཡིན་ན་མ་འོངས་པར་གནས་སྟངས་ག་རེ་ཆགས་ཀྱི་ཡོད་པ་ཤེས་ཀྱིན་མེད་སྟབས། གནད་དོན་དེ་གཙང་མ་བཟོ་ཐབས་སུ་ལམ་ཁ་ཁྲིམས་ཞིབ་ཁང་མ་གཏོགས་ཡོད་པ་མ་རེད། དེར་བརྟེན། ང་རང་བོད་རིགས་དཀྱུས་མ་ཞིག་ཡིན་པའི་ཆ་ནས་ཁྲིམས་ཞིབ་ཁང་ལ་འགྲོ་ཡི་ཡོད། ཅེས་གསུངས་བྱུང་།
ཡང་ཁོང་གིས། ང་རང་ཁྲིམས་ཞིབ་ཁང་ལ་འགྲོ་བ་དེ་སོ་སོར་བདེན་པ་ཡོད་པའི་གནས་སྟངས་ཤིག་གི་འོག་ནས་འགྲོ་ཡི་ཡོད་པ་ལས། ཐག་གཅོད་ག་རེ་གནང་དང་མ་གནང་དེ་ཁྲིམས་ཞིབ་ཁང་ནས་གནང་དགོས་པ་ཞིག་ལས་དེའི་ཐོག་ལ་ངས་འདི་རེད་དང་འིད་མ་རེད་ཅེས་ཞུ་ཐུབ་ཀྱི་ཡོད་པ་མ་རེད་ལ། ཁྲིམས་ཞིབ་ཁང་གིས་ཐག་གཅོད་ག་རེ་གནང་བ་ཡིན་ནའང། ང་ཚོ་བོད་མི་སུ་ཞིག་ཡིན་རུང་དེ་ལ་ངོས་ལེན་ཞུ་དགོས་ཀྱི་ཡོད་པ་རེད། ཅེས་གསུངས་བྱུང་།
དེ་རིང་ཉིན་གུང་ཆུ་ཚོད་ ༡ ཡོལ་ཙམ་ཞིག་ལ་གསར་འགོད་པས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ་ཚོགས་ཟུར་སྤེན་པ་ཚེ་རིང་ལགས་ཀྱིས་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཞུ་གཏུགས་བྱེད་ཀྱིན་ཡོད་པའི་ཐད་བཀའ་འདྲི་ཞུས་སྐབས། ད་ལྟའི་ཆར་དམིགས་བསལ་གང་ཡང་ཞུ་རྒྱུ་མེད། མ་འོངས་པར་ཞུ་རྒྱུ་ཡིན། ཞེེས་གསུངས་སོང་།
གསར་འགོད་པ། སྐལ་བཟང་སྦྱིན་པ།