ལྷ་ས་ནས་བང་སོ་ ༡༠༠ རྙེད།

རྒྱ་ནག་གཞུང་གིས་འདས་ལོ་ནས་མགོ་བཙུགས་ཏེ་ལྷ་ས་ཆུ་ཤུལ་རྫོང་ཁོངས་ནས་དུར་ས་རྒྱ་ཁྱོན་ཧྥི་ཊི་གྲུ་བཞི་མ་ ༢༠༠༠༠༠ བསྔོགས་ཏེ་བང་སོ་ཧ་ཅང་མང་པོ་རྙེད་ཀྱི་ཡོད་འདུག

ཁ་སང་བོད་ཀྱི་རྒྱལ་ས་ལྷ་སའི་ཉེ་འཁྲིས་ཆུ་ཤུལ་རྫོང་ནས་ལོ་ངོ་སྟོང་ལྷག་གི་ལོ་རྒྱུས་ལྡན་པའི་ཁྱོན་བང་སོ་༡༠༠ ལྷག་རྙེད་ཡོད་པ་དང་། བོད་ཁུལ་གྱི་བང་སོ་མང་པོ་སྔོག་འདོན་བྱས་ཏེ་གནའ་རྫས་ཀྱང་མང་པོ་ལག་སོན་བྱུང་གི་ཡོད་འདུག

ཆུ་ཤུལ་ས་གནས་རིག་གཞུང་སྲུང་སྐྱོབ་ཞིབ་འཇུག་ཁང་ཞེས་པ་དེའི་ས་ཁམས་རིག་པ་བ་ནོར་བུ་བཀྲ་ཤིས་ཀྱིས་བརྗོད་ན། ས་ཁམས་རིག་པ་བ་དག་གིས་ན་ནིང་ལོ་མཇུག་ནས་ཆུ་ཤུལ་དུ་ཡོད་པའི་དུར་ས་རྒྱ་ཁྱོན་ཧྥི་ཊི་གྲུ་བཞི་མ་ ༢༠༠༠༠༠ ཞིག་བསྔོགས་ཏེ། གནའ་བོའི་བང་སོ་མང་པོ་གསར་རྙེད་བྱུང་ཡོད་པ་དང་། ལོ་ངོ་སྟོང་ཕྲག་ལྷག་གི་རིང་ལ་ཆར་པས་བརྡུངས་བ་དང་ས་རྐོ་རྡོ་སློག་ཚུན་ཆད་ཀྱིས་བང་སོ་དེ་དག་ལ་གནོད་སྐྱོན་ཕྲན་བུ་ཐེབས་ཡོད་ཚུལ་བརྗོད་འདུག

ཡང་ནོར་བུ་བཀྲ་ཤིས་ཀྱིས། ས་ཆ་སྔོག་འདོན་བྱེད་རིམ་བཞིན་རིམ་པས་བང་སོ་དེ་དག་ཇི་ལྟར་བྱས་ནས་བཞེངས་པ་དང་། དེའི་དུས་ཀྱི་རིག་གཞུང་དང་འཚོ་བའི་གནས་སྟངས་ཀྱང་རྟོགས་ཐུབ་ཀྱི་ཡོད་ཚུལ་བརྗོད་འདུག

ས་ཁམས་རིག་པ་བ་དག་གིས་བང་སོ་གཉིས་སྔོག་སྐབས་ནང་དུ་མིའི་རུས་པ་དང་གནའ་རྫས་སོགས་རྙེད་ཡོད་ཅིང་། ཞིབ་འཇུག་ལྟར་ན། དེ་དག་ལོ་ ༡༡༨༠ ནས་ ༡༢༨༦ བར་གྱི་ཅ་དངོས་ཡིན་པ་ར་འཕྲོད་བྱུང་ཡོད་སྐོར་བརྗོད་འདུག

བསྐྱར་བཅོས།: ༢༠༡༨/༠༥/༡༨

Leave a Reply

One thought on “ལྷ་ས་ནས་བང་སོ་ ༡༠༠ རྙེད།