འབྱུང་ཁམས་ཁོར་ཡུག་ནི་ཆབ་སྲིད་གནད་དོན་གལ་ཆེན་ཞིག་རེད།

རྒྱ་ནག་གཞུང་གིས་ཁོར་ཡུག་སྲུང་སྐྱོབ་ཐད་འགན་འཁུར་བླངས་མེད་པའི་ཉེས་མིང་འོག་ཁུལ་དང་རྫོང་རིམ་པའི་མཐོ་རིམ་མགོ་འཁྲིད་ཁག་ལ་འདྲི་རྩད་ཞིབ་བཤེར་བྱེད་ཀྱི་ཡོད་འདུག

དེ་རིང་རྒྱ་ནག་གཞུང་འབྲེལ་གསར་ལམ་ཁག་ཏུ་སྤེལ་བའི་གནས་ཚུལ་ལྟར་ན། རྒྱ་ནག་དམར་ཤོག་སྒྲིག་ཁྲིམས་ཞིབ་བཤེར་ཁང་གིས་རྒྱ་ནག་གི་གྲོང་ཁྱེར་དང་ས་ཁུལ་ཁག་ཅིག་ཏུ་ཁོར་ཡུག་སྲུང་སྐྱོབ་ལ་དོ་འཁུར་མ་བྱས་པར་འབག་བཙོག་ཤུགས་ཆེན་བྱུང་བའི་ཉེས་མིང་འོག ཁུལ་དང་རྫོང་རིམ་པའི་མཐོ་རིམ་མགོ་འཁྲིད་ཁག་ཅིག་ལ་འདྲི་རྩད་དང་ཞིབ་བཤེར་བྱེད་བཞིན་ཡོད་འདུག་ལ། རྒྱ་ནག་གཞུང་ཕྱོགས་ནས་བརྗོད་ན། ཕྱི་ལོ་ ༢༠༡༦ ལོར་ཁོར་ཡུག་དང་མཁའ་དབུགས་བདག་སྐྱོང་མ་ཐུབ་པའི་མགོ་འཁྲིད་ཁྱོན་ ༡༥༠༠༠ ལྷག་ལ་ཉེས་ཆད་བཅད་ཡོད་འདུག

འདྲི་རྩད་ཞིབ་བཤེར་བྱེད་བཞིན་པའི་མགོ་འཁྲིད་ཁག་ཅིག་ནི། ཐན་ཅིན་གྲོང་ཁྱེར་གྱི་མགོ་འཁྲིད་གཞོན་པ་ཟུར་པ་ཁྲེན་ཕོ་དང་། ཐན་ཅིན་གྱི་ཁོངས་གཏོགས་ཞའོ་ཀྲེན་གྲོང་རྡལ་གྱི་དམར་ཤོག་དྲུང་ཆེ་ཟུར་བ་མ་ཁྲུན་ལན། རྒྱ་ནག་ཧུའུ་པེ་ཞིང་ཆེན་ཉིང་ཅིད་རྫོང་གི་རྫོང་དཔོན་གཞོན་པ་ལི་ཧྥེང་ཅེ། ཅང་སུའུ་ཞིང་ཆེན་ཀོན་ནན་རྫོང་དམར་ཤོག་ཚོགས་པའི་དྲུང་ཆེ་ལི་ཀྲེན་ཧྥེང་། རྫོང་དཔོན་ཧྲང་ཀྲེན་ཅང་། ལན་ཡུན་ཀང་གྲོང་ཁྱེར་ཁོར་ཡུག་སྲུང་སྐྱོབ་ལྷན་ཁང་གི་ཚོགས་མི་དང་། གྲོང་ཁྱེར་ཁོར་ཡུག་ལྟ་ཞིབ་ཚོགས་པའི་འགན་འཛིན་ལུའུ་ཅེ། ཨན་ཝེ་ཞིང་ཆེན་ཐུང་ལིན་དཔལ་འབྱོར་ལག་རྩལ་གསར་སྤེལ་ལྷན་ཁང་གི་མགོ་གཙོ་གཞོན་པ་ལེའུ་ཧའེ་ཙུའུ་དང་སྤྱི་ཁྱབ་བཟོ་བསྐྲུན་པ་གཡོས་ཐིང་། ཁྲུང་ཆིང་གྲོང་ཁྱེར་གྲེང་གའུ་རྫོང་ལྡུམ་ར་དང་ནགས་ཚལ་སྲུང་སྐྱོབ་ལྷན་ཁང་གི་དྲུང་ཆེ་གཞོན་པ་ཀྲང་ཧྥན་ཀྲེ་ཁྲུན། རྒྱ་ནག་ཧ་ཡང་ལས་རིགས་ཚད་ཡོད་བཟོ་ལས་ཁང་གི་ཀན་སུའུ་ཞིང་ཆེན་ལན་ཀྲུའུ་ཡན་ལག་ཁང་གི་སྤྱི་གཉེར་བ་སུན་ཕོ་ཐའོ། ལན་ཀྲུའུ་གྲོང་ཁྱེར་ཁོར་ཡུག་སྲུང་སྐྱོབ་ཁང་གི་མགོ་གཙོ་ཀྲང་རུས་ཝན་ཀང་། ལན་ཀྲུའུ་གྲོང་ཁྱེར་ཧུང་ཀུའུ་ཁུལ་གྱི་མགོ་འཛིན་ལི་རུང་སོགས་ཡིན་འདུག

དཔོན་པོ་དེ་དག་གིས་ས་ཁུལ་དང་གྲོང་ཁྱེར། རྫོང་དང་ཞིང་ཆེན་རིམ་པའི་ཁོར་ཡུག་ལས་དོན་ལ་འགན་འཁུར་མ་བླངས་པར་བཟོ་གྲྭ་དང་ཐོན་སྐྱེད་ཀྱི་རྫས་ལུད་ཟོག་རོ་གང་བྱུང་དུ་གཡུག་ཏེ་མི་མང་གི་འཚོ་གནས་བདེ་ཐང་ལ་འགན་འཁུར་བླངས་མེད་པ་དང་། དེ་བཞིན་དཔོན་པོ་ཁག་ཅིག་ཁེ་ལས་ཐོན་སྐྱེད་ཀྱི་སྒྲིག་སྲོལ་དང་འགལ་ནས་ཧ་ཡང་སོགས་དུག་རྫས་ཤུགས་ཆེན་ཡོད་པའི་རྫས་ལུད་ཁག་ཕུང་གསོག་བྱས་པ། གཞན་འགའ་ཤས་ཀྱིས་ནགས་ཚལ་དང་རྩྭ་ས་སོགས་ལ་བདག་སྐྱོང་མ་བྱས་པར་བྱེ་འགྱུར་ཤུགས་ཆེན་བྱུང་བའི་རྐྱེན་གྱིས་ཡིན་སྐོར་བརྗོད་འདུག

འདས་ལོའི་རྒྱ་ནག་རྒྱལ་ཡོངས་འཐུས་ཚོགས་དང་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ ༥ པའི་ཐོག་རྒྱ་ནག་གཞུང་གིས་གནམ་སྔོན་པོར་སྲུང་སྐྱོབ་ཀྱི་དམག་འཁྲུག་རྒྱག་གི་ཡིན་ཞེས་ཡོངས་ཁྱབ་གསལ་བསྒྲགས་སྤེལ་ཡོད་པ་མ་ཟད། རྒྱལ་ཡོངས་སུ་བཟོ་གྲྭ་ཉུང་འཕྲི་དང་ཁོར་ཡུག་གཙང་བཟོའི་ལས་གཞི་མང་པོ་ཞིག་ལག་བསྟར་བྱས་དང་བྱེད་མུས་ཡིན་པ་རེད། འོན་ཀྱང་། ད་ལོའི་རྒྱལ་སྤྱིའི་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་འབག་བཙོག་གི་སྙན་ཐོའི་ནང་རྒྱ་ནག་གི་གྲོང་ཁྱེར་ཁག་ཅིག་གི་མཁའ་དབུགས་གནས་སྟངས་ཆེས་སྡུག་ཤོས་ཆགས་ཡོད་པ་མ་ཟད། གྲོང་ཁྱེར་ཁག་གི་མཁའ་དབུགས་འབག་བཙོག་ནང་དབུགས་དུག་ལུད་རྫས་ཡོད་སྐོར་བསྒྲགས་ཡོད་པ་རེད།

ཟླ་འདིའི་ཕྱི་ཚེས་ ༡༩ ཉིན་རྒྱ་ནག་རྒྱལ་ཡོངས་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་ཆེན་ཟེར་བ་ཞིག་པེ་ཅིན་དུ་ཚོགས་ཡོད་པ་དང་། ཚོགས་འདུའི་ཐོག་མགོ་འཁྲིད་ཞི་ཅིན་ཕིན་གྱིས་ལོ་ངོ་ ༤༠ བཅོས་བསྒྱུར་སྒོ་འབྱེད་ལས་བྱུང་བའི་དངོས་པོའི་རྨང་གཞི་བེད་སྤྱོད་གང་ལེགས་བྱེད་པ་དང་།  འབྱུང་ཁམས་དཔལ་ཡོན་འཛུགས་སྐྱོང་དང་།  འབྱུང་ཁམས་ཁོར་ཡུག་གནད་དོན་ཐག་གཅོད་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་འབག་བཙོག་འགོག་བཅོས་ཀྱི་འགག་གཏོར་དམག་འཐབ་ཡག་པོ་བརྒྱབ་ཏེ་འབྱུང་ཁམས་དཔལ་ཡོན་འཛུགས་སྐྱོང་གི་སྐས་རིམ་གསར་པ་གཏོད་དགོས་པ་དང་། འབྱུང་ཁམས་ཁོར་ཡུག་ནི་ཏང་གི་འོས་འགན་དང་དམིགས་འབེན་འབྲེལ་ཡོད་པའི་ཆབ་སྲིད་གནད་དོན་གལ་ཆེན་ཞིག་རེད་ལ།  དམངས་འཚོ་དང་འབྲེལ་བ་ཡོད་པའི་སྤྱི་ཚོགས་གནད་དོན་གལ་ཆེན་ཞིག་རེད། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་འབྱུང་ཁམས་ཁོར་ཡུག་སྤུས་ཚད་ལེགས་བཅོས་ཐུབ་རྒྱུར་རེ་སྒུག་ཆེན་པོ་བྱེད་བཞིན་ཡོད་ལ།   འབྱུང་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ།  ཕུལ་བྱུང་འབྱུང་ཁམས་ཐོན་རྫས་མང་པོ་མཁོ་འདོན་བྱེད་པ་བཅས་བྱས་ནས་ཉིན་རེ་བཞིན་ཤུགས་ཆེར་འགྲོ་བཞིན་པའི་མི་དམངས་མང་ཚོགས་ཀྱི་འབྱུང་ཁམས་ཁོར་ཡུག་མཛེས་པའི་དགོས་མཁོ་སྐོང་དགོས་སྐོར་སོགས་བཤད་ཡོད་འདུག

རྒྱལ་སྤྱིའི་ཁོར་ཡུག་སྲུང་སྐྱོབ་ཚོགས་པ་དང་ཁོར་ཡུག་ཉམས་ཞིབ་པ་ཚོས་རྒྱ་ནག་གཞུང་གིས་ཁོར་ཡག་གནད་དོན་ཐད་ཤུགས་སྣོན་བྱེད་བཞིན་པ་ནི་རང་བྱུང་ཁམས་ལ་གཅེས་པ་མ་ཡིན་པར། རྒྱ་ནག་གི་སྤྱིའི་ཁོར་ཡུག་གནས་སྟངས་ཧ་ཅང་ཛ་དྲག་ཅན་དུ་གྱུར་ཡོད་པ་མ་ཟད། ས་ཁུལ་ཁག་ཅིག་ནས་བཟོ་གྲྭ་སོགས་ཀྱིས་རྫས་ལུད་ཤུགས་ཆེན་བཏོན་ནས་ས་འོག་གི་ཆུ་སོགས་མི་གཙང་བར་གྱུར་ཡོད་པ་དང་། གྲོང་ཁྱེར་ཁག་ཅིག་གི་མཁའ་དབུགས་འབག་བཙོག་གིས་མིའི་ཚེ་སྲོག་ལ་གནོད་སྐྱེལ་བའི་ཚད་ཧ་ཅང་ཚབས་ཆེན་དུ་བསླེབས་ཡོད་ལ། བསྡོམས་རྩིས་ལྟར་ན། ད་ལྟའི་ཆར་རྒྱ་ནག་ནང་ཁོར་ཡུག་འབག་བཙོག་ལ་ཆེས་གནོད་པའི་བཟོ་གྲྭ་ཁག་ས་ཡ་༩ ཡོད་པ་དང་། དེའི་ཁྲོད་རྫས་ལྡན་བཟོ་གྲྭ་ཁག་ས་ཡ་༧.༤ ལྷག་ཡོད་སྐོར་བརྗོད་འདུག

 གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༥/༢༥

Leave a Reply