ཧོང་ཀོང་བ་དང་རྒྱ་མི་གཉིས་མི་རིགས་རིག་གཞུང་དང་བཅས་པ་ཁ་ཁ་རེད།

ཧང་སང་དགོས་པ་ཞིག་ལ་རྒྱ་ནག་ནས་ཧོང་ཀོང་ནང་གནས་སྤོར་བྱས་པའི་རྒྱ་མི་མང་ཆེ་བས་ཧོང་ཀོང་རང་བཙན་རྩོད་ཀྱི་འདུག་ཟེར།

དེ་རིང་ཕྱི་དྲོར་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་ ༥ པ་མཇུག་བསྡུས་ཡོད་པ་དང་། ཐེངས་འདིའི་ཚོགས་ཆེན་ཐོག་ཧོང་ཀོང་གི་རང་བཙན་འཐབ་རྩོད་པ་ཆན་ཧོ་ཐིན་(Chan Ho-tin)ལགས་མགྲོན་འབོད་བྱས་ཡོད་ཀྱང་ཐོངས་མཆན་རག་མེད་པར་བརྟེན། དེ་རིང་སྔ་དྲོར་(Skype)བརྒྱུད་གཏམ་བཤད་དང་ཚོགས་ཞུགས་པའི་དྲི་བར་ལན་འདེབས་གནང་ཡོད་པ་དང་། སྐུ་ཞབས་ཆན་ཧོ་ཐིན་ནི་ད་ལྟ་དགུང་ལོ་ ༢༧ ཡིན་པ་དང་ཕྱི་ལོ་ ༢༠༡༤ ལོའི་ཧོང་ཀོང་ཆར་གདུགས་ལས་འགུལ་གྱི་སྣེ་འཁྲིད་པ་གཙོ་བོ་ཞིག་ཡིན་འདུག

ཧོང་ཀོང་བ་དང་རྒྱ་རིགས་གཉིས་མི་རིགས་རིག་གཞུང་དང་བཅས་པ་ཁ་ཁ་ཡིན་སྐོར་ཁོང་གིས། ང་ནི་ཧོང་ཀོང་རྒྱལ་ཡོངས་ཆབ་སྲིད་ཚོགས་པ་(Hong Kong National Party)འཛུགས་མཁན་གཅིག་ཡིན། དེ་ནི་ཧོང་ཀོང་ནང་རང་བཙན་འཐབ་རྩོད་བྱེད་མཁན་གྱི་ཆབ་སྲིད་ཚོགས་པ་ཐོག་མ་དེ་རེད། ཕྱི་ལོག་ནས་བལྟས་ན་ཧོང་ཀོང་ནི་རྒྱ་ནག་དང་འདྲ་པོ་ཞིག་ཡོད་ཀྱང་། རྒྱ་ནག་དང་ཧོང་ཀོང་ལ་སྐད་ཡིག་དང་རིན་ཐང་གི་ལྟ་བ། དེ་བཞིན་མི་རིགས་དང་ལོ་རྒྱུས་ཁ་ཁ་ཞིག་ཡོད་པར་ངས་ངོས་འཛིན་བྱེད་བཞིན་ཡོད། ཕྱི་ལོ་ ༡༩༩༧ ལོར་དབྱིན་གཞུང་གིས་ཧོང་ཀོང་རྒྱ་ནག་ལ་རྩིས་སྤྲོད་བྱས་པ་ནས་བཟུང་ཧོང་ཀོང་མི་མང་ལ་དཀའ་ངལ་ཆེན་པོ་བྱུང་མགོ་ཚུགས་པ་རེད།  ཕྱི་ལོ་ ༡༩༩༧ ནས་བཟུང་རྒྱ་ནག་གཞུང་གིས་རྒྱ་མི་རིགས་ས་ཡ་གཅིག་ཙམ་ཐབས་ཤེས་ཡོད་རྒུ་ཡིས་ཧོང་ཀོང་ནང་གནས་སྤོར་བྱེད་དུ་བཅུག་སྟེ། ཧོང་ཀོང་གི་སྐད་ལ་བཙན་གྱིས་འགྱུར་བཏང་ནས་རྒྱའི་སྤྱི་སྐད་མན་ཊི་རིན་ཧོང་ཀོང་ནང་གི་སྐད་ཡིག་ཏུ་བཟོ་བར་འབད་བརྩོན་བྱེད་བཞིན་ཡོད་པ་རེད། ང་ཚོར་བཙན་ཤེད་ཀྱིས་རྒྱའི་སྐད་ཡིག་སྦྱོང་དུ་འཇུག་གི་ཡོད་པ་རེད། ཧོང་ཀོང་སྐད་ང་ཚོའི་སྐད་ཡིན་པ་ལས་རྒྱ་སྐད་ང་ཚོའི་སྐད་མ་རེད། དེར་བརྟེན་ང་ཚོའི་སྐད་ཡིག་དང་རིག་གཞུང་སོགས་ཁ་ཁ་ཡིན་ཐོག་ཧོང་ཀོང་ལ་རང་དབང་དང་དམངས་གཙོ་ཡོད་པ་དེ་ཡང་ཤོར་བ་དང་བརླག་པའི་ཉེན་ཁ་དང་ཞེད་སྣང་འདུག རྒྱ་ནག་གི་བཙན་འཛུལ་བྱས་པའི་རྒྱལ་ཁབ་བོད་དང་སོག་པོ། ཤར་ཊིར་ཀི་སི་ཏན་དང་ཐའེ་ཝན་སོགས་ཀྱིས་རང་དབང་འཐབ་རྩོད་བྱེད་བཞིན་ཡོད་པ་རེད། དེ་བཞིན་ཧོང་ཀོང་ཡང་རྒྱ་ནག་གི་བཙན་འཛུལ་འོག་ཡོད་སྟབས། ང་ཚོར་ཡང་རང་དབང་དང་དམངས་གཙོ། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་དགོས་ཀྱི་ཡོད་པར་བརྟེན་ང་ཚོས་ཧོང་ཀོང་རང་བཙན་རྩོད་ཀྱི་ཡོད། ང་ཚོ་ཚང་མའི་གནས་སྟངས་གཅིག་པ་རེད། ཅེས་བརྗོད་སོང་།

 ཁོང་ལས་འགུལ་བ་ཞིག་ཡིན་པའི་ཆ་ནས་ཉིན་རེར་ལས་ཀའམ་ལས་འགུལ་ག་རེ་སྤེལ་གྱི་ཡོད་དྲིས་པར་ཁོང་གིས། དང་པོ་ཉིད་ནས་ཆབ་སྲིད་ཚོགས་པ་དེ་འཛུགས་རྒྱུར་འབད་རྩོན་བྱས་པ་ཡིན། ཚོགས་པ་དེ་བརྒྱུད་ཧོང་ཀོང་གི་ཁྲིམས་གཞིའི་ཐོག་ནས་ཧོང་ཀོང་གི་ཐོབ་ཐང་རྩོད་པ་དང་གལ་ཆེ་ཤོས་ཞིག་ལ་ཧོང་ཀོང་གི་མི་རིགས་དང་སྐད་ཡིག རིན་ཐང་ལྟ་བ་དང་མི་རིགས་ཀྱི་ངོ་བོ་ཉར་ཚགས་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་མཐོང་གི་ཡོད། དེ་ཚོ་ལ་བརྟེན་ནས་ང་ཚོ་དང་རྒྱ་ནག་ཁ་ཁ་ཡིན་པ་གསལ་པོ་སྟོན་ཐུབ་ཀྱི་ཡོད་པས་དེ་སྲུང་སྐྱོབ་བྱེད་པར་འབད་རྩོན་བྱེད་བཞིན་ཡོད། རྒྱ་ནག་གི་ནམ་རྒྱུན་ང་ཚོ་མི་རིགས་གཅིག་པ་རེད། རྒྱལ་ཁབ་གཅིག་པ་རེད་ཅེས་བསྒྲགས་ཀྱིན་ཡོད་པ་རེད། ཡིན་ཡང་ང་ཚོ་ཧོང་ཀོང་བ་ཚོ་འཛམ་གླིང་ཐོག་ཐུན་མོང་མ་ཡིན་པ་ཞིག་ཡིན་པ་ལས་རྒྱ་ནག་དང་གཅིག་པ་མིན། ང་ཚོས་རྒྱ་ནག་གི་མི་རིགས་གཅིག་བསྒྱུར་གྱི་སྲིད་བྱུས་དང་བཙན་འཛུལ་ལ་ཉིན་རེ་བཞིན་མཐའ་གཅིག་ཏུ་ངོ་རྒོལ་བྱེད་བཞིན་ཡོད། ཅེས་བརྗོད་སོང་།

ཡང་བོད་དེ་རྒྱ་ནག་གི་བཙན་གནོན་འོག་ཡོད་པ་དང་ད་ལྟ་བོད་མི་ཚོས་བོད་རང་བཙན་འཐབ་རྩོད་མུ་མཐུད་བྱས་ན་ཡག་པོ་ཡོད་པ་རེད་དམ། ཡང་ན་རྒྱ་ནག་གི་ཁུངས་སུ་འཛུལ་ན་ཡག་པོ་ཡོད་པ་རེད། ཁྱེད་རང་ཧོང་ཀོང་བ་ཞིག་ཡིན་པའི་ཆ་ནས་དེའི་ཐོག་བསམ་ཚུལ་ཞིག་བཤད་རོགས་ཞུས་པར་ཁོང་གིས། ཆབ་སྲིད་ཐོག་ནས་རང་བཙན་ནི་ཐབས་ལམ་ཞིིག་རེད། མི་རིགས་ཤིག་གི་ཆོས་དང་རིག་གཞུང་། སྐད་ཡིག་ཉར་ཚགས་བྱས་ནས་གནས་ཡོད་ན་དེ་ལོ་སྟོང་ཕྲག་མང་པོར་གནས་ཐུབ་པའི་ནུས་པ་ཡོད་པ་རེད། ཧོང་ཀོང་ནི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཐོག་འགྲོ་བཞིན་ཡོད་པ་རེད། རྒྱ་ནག་གི་མནར་གཅོད་དང་ཁྲིམས་ལོག་སྤྱོད་འོག་ཧོང་ཀོང་གི་སྐད་དང་ཡི་གེ་སོགས་ཉར་ཚགས་བྱེད་པར་ཉེན་ཁ་ཡོད་པ་དང་། མུ་མཐུད་གནས་མི་ཐུབ་པའི་ཚོར་བ་ཡོང་གི་འདུག དེ་བས་བོད་པ་ཚོས་རང་གི་ཆོས་དང་རིག་གཞུང་། མི་རིགས་ཀྱི་ངོ་བོ་མ་བརླག་པར་ཉར་ཚགས་བྱེད་རྒྱུ་གལ་ཆེན་པོ་རེད་བསམ་གྱི་འདུག ཅེས་བརྗོད།

ཧོང་ཀོང་གི་མི་སུ་འདྲ་ཞིག་གིས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་བཞིན་ཡོད་དྲིས་པར། དཔལ་འབྱོར་གྱི་ངོས་ནས་ཧོང་ཀོང་གི་ཕྱུག་པོ་ཚོས་རྒྱ་ནག་གཞུང་གི་སྲིད་བྱུས་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་རེད། རང་དབང་དང་དམངས་གཙོ་ལ་ཁ་ཡ་བྱེད་ཀྱི་ཡོད་པ་མ་རེད། ཁོང་ཚོས་ཧོང་ཀོང་ལ་ངོ་ལོག་བྱེད་བཞིན་ཡོད་པ་རེད། རྒྱུ་མཚན་ནི་ཁོང་ཚོའི་ཚོང་དེ་རྒྱ་ནག་གཞུང་གི་སྲིད་བྱུས་དང་འབྲེལ་བ་དམ་པོ་ཡོད་རྐྱེན་རེད། ཡང་དཔལ་འབྱོར་འབྲིང་ཙམ་དང་སྐྱོ་བ་ཚོས་རྒྱ་ནག་གཞུང་གི་ངན་བྱུས་དང་སོ་སོ་ལ་རང་དབང་མེད་པ་ཚོར་ནས་ཧོང་ཀོང་ལ་རང་དབང་ཆེ་བ་དང་ཐོབ་ཐང་ཆེ་བ། ལྷག་པར་དུ་ཧོང་ཀོང་རང་བཙན་ལ་རྒྱབ་སྐྱོར་བྱེད་ཀྱིན་ཡོད་པ་རེད། དེ་བཞིན་ཤེས་ཡོན་ཅན་གྱི་ཁྲོད་མང་ཤོས་ཀྱིས་ཐོབ་ཐང་ཆེ་བ་དང་རང་བཙན་གླེང་གི་ཡོད་པ་རེད། གཞོན་སྐྱེས་ཕལ་ཆེ་བར་དམངས་གཙོ་དང་རང་དབང་། འགྲོ་བ་མིའི་ཐོབ་ཐང་སྐོར་གོ་རྟོགས་ཡག་པོ་ཡོད་རྐྱེན་ཧོང་ཀོང་ལ་རང་དབང་ཆེ་བ་དང་རང་བཙན་རྩོད་མཁན་རེད། ཧང་སང་དགོས་པའི་གནད་དོན་ཞིག་ནི། རྒྱ་ནག་ནས་ཧོང་ཀོང་ནང་སྤོར་ནས་ཡོང་མཁན་ཚོའི་ནང་མང་ཆེ་བ་རང་བཙན་རྩོད་མཁན་རེད་འདུག རྒྱུ་མཚན་ནི་ཁོང་ཚོས་རྒྱ་ནག་གཞུང་གིས་མནར་གཅོད་དང་རང་དབང་མ་སྤྲད་པ་སོགས་མྱངས་ཡོད་པར་བརྟེན། ཧོང་ཀོང་ལ་རང་དབང་ཅུང་ཡོད་པ་དེ་ཡང་བརླག་གི་རེད་བསམ་ནས་རང་བཙན་ལ་རྒྱབ་སྐྱོར་ཤུགས་ཆེན་བྱེད་ཀྱི་འདུག ཅེས་བརྗོད་ཡོོོོོོོོད་པ་རེད།

ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༨/༠༥/༢༥

Leave a Reply