སྐད་གཉིས་རིག་གནས་པ་བསྐྱེད་བསྲིང་གི་ཉེན་ཁ་དང་བསམ་གཞིགས།

                      གུ་རུ་འོད་གསལ།

 སྐད་གཉིས་སྨྲ་བ་ནི་སྐད་དང་ཡི་གེ་གཉིས་སམ་དེའི་ཡན་ཆད་ཤེས་པའི་མི་སྟེ། བོད་རྒྱ་སྐད་གཉིས་ལ་མཁྱེན་རྒྱ་ཡངས་པའམ་བོད་དབྱིན་སྐད་གཉིས་ཁོང་དུ་ཆུད་པ་ལྟ་བུ་རེད། དེ་མིན་ཡང་འབྲོག་རྒན་ཚོས་རྒྱ་སྐད་བཤད་ཤེས་པ་དེ་ལྟ་བུའང་སྐད་སྨྲ་བ་ཞིག་ཏུ་བརྩི་དགོས་པར་སེམས། གནའ་སྔ་མོ་ནས་ད་ལྟའི་བར་དུ་རྒྱལ་ཁབ་ཀྱི་དབར་དང་མི་རིགས་ཀྱི་དབར་དུ་འབྲེལ་འདྲིས་དང་འབྲེལ་ལམ་ཇེ་མང་དུ་སོང་ཞིང་། དེང་གི་སྤྱི་ཚོགས་སུ་འཚོ་ཞིང་ཕྱི་སྐད་སློབ་གསོའམ་སྐད་ཡིག་གཉིས་པའི་སློབ་གསོ་མྱང་བའི་མི་མང་ཆེ་བ་སྐད་གཉིས་སྨྲ་བ་སྟེ། ད་སྔ་རྒྱ་ནག་ནང་སློབ་གསོ་མྱོང་བའི་གྲངས་ཉུང་མི་རིགས་གང་ཡིན་ཡང་རང་སྐད་དང་རྒྱ་སྐད་དབྱིན་སྐད་ཀྱི་སྐད་གཉིས་སམ་སྐད་གསུམ་སྨྲ་བ་མ་ཡིན་པ་ཧ་ཅང་ཉུང་། སྐད་གཉིས་རིག་གནས་པ་ནི་སྐད་ཡིག་གཉིས་ལ་བྱང་ཞིང་རིག་གནས་གཉིས་ལ་རྒྱུས་ཡོད་པ་སྟེ། རང་མི་རིགས་ཀྱི་སྐད་ཡིག་དང་རིག་གནས་རྟོགས་ཤིང་དེ་ལ་བརྩེ་འདང་ཡོད་པར་མ་ཟད། གཞན་ཀྱི་སྐད་ཡིག་དང་རིག་གནས་ལ་གུས་བརྩི་ཡོད་པ་དང་རྒྱུས་ལོན་བྱེད་པ། དཀྱེལ་ཡངས་ཀྱི་རྣམ་འགྱུར་བཟུང་ནས་འཆམ་ཞིང་མཐུན་པ་དང་མཉམ་གནས་ཐུབ་པ་དེ་ལ་གོ་བ་རེད། སྐད་གཉིས་སྨྲ་བ་དང་སྐད་གཉིས་རིག་གནས་པ་ནི་གོ་དོན་མི་འདྲ་བ་གཉིས་ཡིན་ལ། སྔ་མ་ནི་སྐད་ཡིག་གི་ནུས་པར་དམིགས་པ་དང་ཕྱི་མ་ནི་སྐད་ཡིག་གི་ནུས་པ་དང་རིག་གནས་གཉིས་ཀྱི་རྣམ་འགྱུར་ལའང་འབྲེལ་བ་ཡོད་པ་རེད། སྐད་གཉིས་རིག་གནས་པས་སྐད་ཡིག་གཉིས་སམ་དེའི་ཡན་ཆད་ཁོང་དུ་ཆུད་པར་མ་ཟད། སྐད་ཡིག་དེའི་མཚོན་པའི་རིག་གནས་ལ་བསམ་པ་ཡར་སེམས་དང་སྐུད་པ་ཡར་འཁེལ་གྱི་རྣམ་འགྱུར་བཟུང་ཚེ། ད་གཟོད་སྐད་གཉིས་རིག་གནས་པ་མཚན་ཉིད་ཚང་བ་ཞིག་ཡིན་ནོ།།

གལ་སྲིད་མི་སྒེར་གྱིས་རང་གི་སྐད་ཡིག་གིས་མཚོན་པའི་རིག་གནས་ལ་མཐོང་ཆེན་བྱས་ཤིང་། གཞན་གྱི་སྐད་ཡིག་གིས་མཚོན་པའི་རིག་གནས་ལ་མཐོང་ཆུང་བྱས་པའམ། གཞན་གྱི་སྐད་ཡིག་གིས་མཚོན་པའི་རིག་གནས་ལ་མཐོང་ཆེན་བྱས་ནས། རང་གི་སྐད་ཡིག་གིས་མཚོན་པའི་རིག་གནས་ལ་མཐོང་ཆུང་བྱས་ཚེ། དེ་ནི་མཚན་ཉིད་ཚང་བའི་སྐད་གཉིས་རིག་གནས་པ་ངོ་མ་ཞིག་མིན། སྔ་མ་ནི་སྒྲ་དོག་འཇུག་གི་མི་རིགས་རིང་ལུགས་པ་དང་ཕྱི་མ་ནི”མི་སེར་སྤེལ་བའི་སེམས་ཁམས”ཅན་ཀྱིས་རང་རིགས་ལ་མཐོང་ཆུང་དང་གཞན་རིགས་ཀྱི་ཕྱི་པགས་གོན་པ་དེའོ།། དོན་དུ་རིགས་གསུམ་པ་ཞིག་ཀྱང་ཡོད་ངེས་ཏེ། སྐད་གཉིས་སྨྲ་བའི་སེམས་ཁམས་ལ་འཚོ་བའི་ཁྲོད་དུ་སྤྱོད་ཀྱིན་པའི་སྐད་ཡིག་གང་དེའི་བག་ཆགས་ཀྱིས། བོད་སྐད་བཤད་སྐབས་དེའི་ཤེས་རྟོགས་དང་མི་གཤིས་བོད་ཀྱི་རིག་གནས་ལ་མཐུན་པ། རྒྱ་སྐད་བཤད་སྐབས་ཤེས་རྟོགས་དང་མི་གཤིས་རྒྱའི་རིག་གནས་ལ་མཐུན་པ། རིགས་འདི་ཅན་པོའང་སྐད་གཉིས་རིག་གནས་པ་ངོ་མ་ཞིག་མིན་ཞེས་བཤད་ཆོག་པ་ཡིན། གཞུང་ལུགས་འདི་གསུམ་པོས་འགྲེལ་བཤད་བྱ་ཐུབ་པ་ནི། རེ་འགའ་ཞིག་གིས་སྐད་ཡིག་ཚང་མར་རིག་གནས་རྩ་འཛུགས་དང་ཆ་འདྲ་བའི་ནང་གི་གཏན་ཚིགས་དམིགས་བསལ་བ་ཞིག་ཡོད་ཅིང་། གཏན་ཚིགས་དེས་སྐད་ཆ་བཤད་མཁན་གྱི་བསམ་པའི་མགོ་རྔ་ལ་ཚོད་བཟུང་ནས་སྐད་ཡིག་མི་འདྲ་བ་བཤད་མཁན་གྱི་ཤེས་རྟོགས་མི་འདྲ་བ་བསྐྱེད་པར་འདོད་ལ། སྐད་གཉིས་སྨྲ་བས་སྐད་ཆ་མི་འདྲ་བ་བཤད་པའི་དུས་དེར་ཤེས་རྟོགས་ཀྱི་ཐབས་མི་འདྲ་བ་འབྱུང་བཞིན་པར་འདོད་ཡོད།  ཡང་ཁ་ཅིག་གིས་མི་སུ་ཡིན་ཡང་གནས་བབ་དེའི་ཁྲོད་དུ་ཡོད་པའི་སྐབས་སུ་དེ་ལ་མཐུན་པའམ་སྐབས་ཐོག་དེའི་རིག་གནས་ལ་བསྟུན་པའི་ཐབས་ལམ་གྱིས་ཨ་ལན་སྟེར་བ་ཡིན། སྐད་ཡིག་ནི་རིག་གནས་ཤིག་གི་དཔལ་འབར་གྱི་མེ་སྟག་ལྟ་བུ་ཡིན་པས། སྐད་གཉིས་སྨྲ་བ་ཞིག་གི་རིག་གནས་བར་ཁྱད་ཀྱི་རིན་ཐང་ལྟ་བ་དང་བག་ཆགས་མཐུག་སྲབ་སོགས་ཀྱིས་སྐད་གཉིས་སྨྲ་བའི་བསམ་སྦྱོར་ལ་ཤུགས་རྐྱེན་ཐེབས་པར་གདོན་མི་ཟ་ཟེར། ད་དུང་རེ་འགའ་ཞིག་གིས་སྐད་གཉིས་སྨྲ་བར་རིག་གནས་ཀྱི་སྒྲོམ་གཞི་གཉིས་ཡན་ཆད་འཛོམས་ཤིང་དེའང་སྐད་ཡིག་མི་འདྲ་བས་ཁ་ལོ་སྒྱུར་བཞིན་ཡོད་པས། སྐད་ཡིག་དང་འབྲེལ་བའི་རིག་གནས་སྒྲོམ་གཞི་མི་སྒེར་གྱིས་ཕན་ཚུན་བརྗེ་ཆོག་པ་ཡིན་ཞེས་ཀྱང་ཟེར། འདི་དག་ཐམས་ཅད་ཚོད་དཔག་གམ་འོལ་ཚོད་ཀྱིས་བཤད་པ་ཙམ་ལས་ཁུངས་འདེད་ས་དང་གཞི་འཛིན་ས་ཆེན་པོ་ཞིག་མེད།

སྐད་གཉིས་སྨྲ་བ་ཞིག་སྐད་གཉིས་རིག་གནས་པར་འགྱུར་བར་རྒྱུ་རྐྱེན་མང་པོ་ཡོད་དེ། དཔལ་འབྱོར་འཛམ་གླིང་ཅན་དང་མི་གྲངས་འཁོར་རྒྱུགས་ཀྱི་རྙོག་འཛིང་ཆེན་པོ་ཆར་རྗེས་ཀྱི་ཤ་མོ་རྡོལ་བ་ལྟར་ཡོང་གིན་པས་སྐད་ཡིག་དང་རིག་གནས་མི་འདྲ་བའི་བར་དུ་འབྲེལ་འདྲིས་ཀྱི་གོ་སྐབས་མང་དུ་བྱུང་ལ། སྐད་གཉིས་སྨྲ་བས་རིག་གནས་གཅིག་འགྱུར་གྱི་གོ་རིམ་དངོས་སུ་བརྒྱུད་ཅིང་། མི་རིགས་མི་འདྲ་བའི་རིག་གནས་ལ་ལྷག་ཏུ་རྒྱུས་ལོན་བྱུང་སྟེ། མི་རིགས་མི་འདྲ་བར་རྒྱུས་ལོན་དང་ཕན་ཚུན་གྱི་བརྩེ་གདུང་སྔར་ལས་ཇེ་ཟབ་ཏུ་སོང་བའམ་ཡང་ན་འགལ་བ་སྔར་ལས་ཇེ་ཆེ་རུ་གྱུར་ཡོད། ན་ནིང་དོ་ཚིགས་ཀྱི་ཡུལ་སྐོར་ཐོན་ལས་ཀྱི་འཆར་གཞི་མང་བོའི་གྲོས་གཞི་ལག་བསྟར་བྱས་པས་མི་རིགས་མི་འདྲ་བའི་འབྲེལ་འདྲིས་དང་མཉམ་ལས་ལ་ཁེ་ཕན་མང་པོ་སྐྲུན་ཡོད་མོད། གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་དང་རིག་གནས་མངོན་ལྐོག་ཅི་རིགས་ནས་སིམ་འཛུལ་དང་ཉམས་རྒུད་ཀྱི་ལམ་དུ་ལྷུང་བཞིན་ཡོད། འདི་ནི་བོད་ཀྱི་ཁ་དཔེ་ཞིག་ཏུ“ཐང་གི་རྡོ་བླངས་ནས་རུམ་གྱི་གྲོ་ལྷུང་།”བའི་དཔེ་རུའང་མི་འགྱུར་བའི་ངེས་པ་མེད། གཞན་ཀྲུང་གོ་ནང་ཁུལ་དུ་མི་རིགས་འདྲ་མཉམ་གྱི་སྲིད་ཇུས་ལག་བསྟར་དང་མི་རིགས་སྤྱི་མཐུན(共同体)གྱི་འདུ་ཤེས་ཇེ་ཟབ་ཏུ་བཏང་བས།  མི་རིགས་དབྱེ་མཚམས་ཀྱི་འདུ་ཤེས་ཇེ་ཞན་དུ་གྱུར་ཞིང་མི་རིགས་ཁས་ལེན་དེའང་རྒྱལ་ཁབ་ཁས་ལེན་དང་རིག་གནས་ཁས་ལེན་གྱི་ཚད་དུ་འཕེལ་ཡོད་ལ། སྤྱིར་ན་དོན་འདི་རིགས་རྒྱལ་ཁབ་ཀྱི་ཆབ་སྲིད་གཏན་འཇགས་དང་སྤྱི་ཚོགས་འུར་ཟིང་མི་བཟོ་བའི་ངོས་ནས་ཤིན་ཏུ་བཟང་ནའང་མི་རིགས་ཤིག་གི་རིག་གནས་རྒྱུད་འཛིན་དང་དར་སྤེལ། སྐད་དང་ཡི་གེ་ལ་ཐོས་བསམ་ལག་ལེན་བྱེད་པའི་གོ་རིམ་ཁྲོད་དུ་སེམས་ཁུར་ཡོད་དམ་མེད་ཀུན་གྱིས་འདང་རྒྱག་དགོས་པའི་གནད་དོན་ཞིག་ཨེ་ཡིན་ནམ།

སྐད་གཉིས་རིག་གནས་པ་ངོ་མ་ཞིག་བསྐྱེད་བསྲིང་བྱེད་ཚེ་ཁྱིམ་ཚང་སློབ་གསོ་དང་སློབ་གྲྭའི་སློབ་གསོ་གང་ལའང་ཁ་འབྲལ་ཐབས་མེད་པས། ཁྱིམ་བདག་དང་དགེ་རྒན་ཚང་མས་འདང་རྒྱག་བླ་ལྷག་བྱེད་དགོས་པར་མ་ཟད། བྱིས་པར་བག་ཆགས་འཇོག་སྲིད་པའི་ཁོར་ཡུག་གི་ཆགས་གྲུབ་ལའང་དོགས་ཟོན་དང་གཟབ་གཟབ་བྱེད་དགོས། མི་རིགས་མི་འདྲ་བར་རིག་གནས་མི་འདྲ་བ་ཡོད་ལ། རིག་གནས་མི་འདྲ་བའི་རིན་ཐང་ལྟ་བ་དང་འདང་རྒྱག་བྱེད་སྟངས་ཀྱང་འདྲ་ཡི་མེད། དེ་ལྟ་ནའང་ཁྱིམ་བདག་དང་དགེ་རྒན་ཚོས་བྱིས་པ་ཚང་མ་མི་རིགས་གཞན་གྱི་བྱིས་པའི་འདྲ་དཔེ་ཞིག་ཨེ་ཡོང་བལྟ་བཞིན་པ་ནི་རིག་གནས་ལ་རྒྱུས་ལོན་དང་སློབ་གསོ་ལ་ཐོས་བསམ་མེད་པས་ལན་པ་ཨེ་ཡིན་བསམ་སོང་། མདོར་དེད་ན་ཁོ་ཚོའི་བྱ་སྤྱོད་འདི་ནི་སྐད་གཉིས་རིག་གནས་པ་བསྐྱེད་བསྲིང་བྱེད་པ་མ་ཡིན་པར། ཀློའུ་སྒྱུར་སློབ་གསོའམ་ཀླད་པ་བཀྲུ་བའི་སློབ་གསོའི་ཕྱོགས་སུ་འགྲོ་བཞིན་ཡོད་ལ། འདི་ལྟ་བུའི་ལས་ཀ་ཞིག་དམངས་གཙོ་དང་རང་དབང་ལྡན་པའི་རྒྱལ་ཁབ་བམ་སྲིད་གཞུག་སུ་གཅིག་གིས་ཀྱང་སྐུལ་མ་བྱེད་བཞིན་མེད་པས། གལ་ཏེ་ཁོ་རང་ཚོའི་བསམ་ཚུལ་ཇི་བཞིན་བྱིས་པ་བསྐྱེད་བསྲིང་བྱས་ཚེ། མཚན་ཉིད་ཚང་བའི་སྐད་གཉིས་རིག་གནས་པ་ཞིག་འཁྱོངས་རྒྱུ་ཕར་ཞོག་བྱིས་པ་ཚང་མ་སེམས་ཁམས་ནད་པ་ཅན་གྱི་གནས་སུ་ལྷུང་འགྲོ་བའི་ཉེན་ཁའང་ཡོད་དོ།།

བསྐྱར་བཅོས།: ༢༠༡༨/༠༥/༢༩

Leave a Reply

4 thoughts on “སྐད་གཉིས་རིག་གནས་པ་བསྐྱེད་བསྲིང་གི་ཉེན་ཁ་དང་བསམ་གཞིགས།

  1. གཞུང་པ་ཚེ་དབང་བསོད་ནམས་་ཉེ

    དུས་སྔ་མོ་སངས་རྒྱས་ཞལ་བཞུགས་པའི་སྐབས་སངས་རྒྱས་ཀྱི་བསྟན་པ་ལ་
    འགན་འཁུར་ནས་སྐད་གཉིས་སྨྲ་བའི་ལོ་རྩ་བས་བྱས་རྗེས་དེང་སྐབས་ང་
    ཚོའི་མིག་མདུན་དུ་གསལ་པོ་མཐོང་རྒྱུ་ཡོད་པ་དང་དུས་དེང་སང་བུམ་རམ་པ་
    ས་དང་རྡོ་ལས་མང་བ་སྐྱེ་སྲིངས་བྱེད་བཞིན་པ་ནི་རང་གི་ལྟོ་གོས་འཚོལ་བའི་
    བུམ་རམ་ཙམ་ལས་མ་འདས་

  2. གཞུང་པ་ཚེ་དབང་བསོད་ནམས་་

    དུས་སྔ་མོ་ཡིན་ན་སྐད་གཉིས་སྨྲ་བའི་ལོ་རྩ་བ་ཟེར་
    དུས་དེང་སང་ཡིན་ན་རང་གི་ལྟོ་གོས་འཚོལ་བའི་
    ཆེད་སྐད་ཡིག་མི་འདྲ་བ་ལྔ་དྲུག་ཤེས་ཀྱང་སྔ་མོའི་
    ལོ་རྩ་བའི་རྐང་རྗེས་མི་ཟིན་ནོ་།

  3. ༄༅། གུ་རུ་འོད་གསལ་ལགས་ནས་སྐད་གཉིས་རིག་གནས་སྐོར་ལ་རྩོམ་ཞིག་བྲིས་གནང་འདུག་པ་ཡག་པོ་
    འདུག་ ངས་ཞུ་རྒྱུ་ཞིག་ལ་་་དེང་སྐབས་བོད་པ་མང་པོ་རང་ཡུལ་མི་འདོད་བཞིན་བྲལ་ནས་ཕྱི་རྒྱལ་ཡུལ་གྲུ་༣༠
    ལྷག་གི་ནང་གནས་སྡོད་བྱས་དང་བྱེད་བཞིན་ཡོད་པས་སྐད་གཉི་ཕར་བཞག་བོད་པ་ཁ་ཤས་ནས་སྐད་ཡིག་གསུམ་བཞི་ཡང་ཤེས་ཀྱི་ཡོད་པར་བརྟེན་་་འདི་ཚོའི་རིགས་ལ་་་སྐད་གསུམ་ཡང་ན་སྐད་བཞི་སྨྲ་བའི་རིག་གནས་ཟེར་རམ་མི་ཟེར།
    དཔེར་ན་བོད་པ་ཞིག་བོད་ནས་རྒྱ་གར་ལ་འབྱོར་ནས་རྒྱ་གར་སྐད་ཡིག་དང་དབྱིན་ཡིག་་་བོད་ཡིག་བཅས་ཤེས་བཞིན་
    ཡོད་པའི་ཐོག་་་རྗེས་སུ་ཇར་མེན་ལ་བསླེབས་ནས་ཇར་མེན་སྐད་ཡིག་ཤེས་པས་སྐད་ཡིག་བཞི་ཤེས་པ་སོགས་མང་པོ་ཡོད་
    པ་འདི་ལྟར་རེད། སྔ་མོ་ཡིན་ན་སྐད་གཉིས་སྨྲ་བའི་ལོ་རྩ་བ་ཟེརད་ཆ་སྐད་གསུམ་སྨྲ་བ་་་སྐད་བཞི་སྨྲ་བའི་ལོ་རྩ་བ་ཟེར་
    ན་མི་འགྲིགས་སམ།

  4. ང་རང་གིས་རྒྱ་སྐད་ བཤད་ ཤེས་པ་དེ་་་ ང་རང་གི་འཇོན་ཐང་དང་ཡོན་ཏན་རེད། དེ་ནི་གལ་སྲིད་ མ་ཤེས་ནའང་་་ ངོ་ཚ་དགོས་དོན་ནི་མེད། གལ་སྲིད་ང་རང་གི་་་ བོད་སྐད་དང་བོད་ཡིག་མ་ཤེས་ན་་་ དེ་ནི་ང་རང་གི་་་ ཞབས་འདྲེན་ཡིན་པས་ ངོ་གནོང་དགོས་པ་ཞིག་རེད། པཎ་ཆེན་རིན་པོ་ཆེ།
    དེང་སང་དབྱིན་ཇི་གཏོག་ཙམ་ཤེས་མཁན་བོད་པའི་གླན་ལྐུག་ཚོ་ལ་ -> I can speak Chinese. That is my capability and good quality. But I can’t speak it’s. So, I no need to be embarrassed or shame. If I can’t spoken and written in Tibetan. That is my shameful and embarrassment. By Panchen Rinpoche…