ཨོ་གླིང་གི་བོད་སྐད་རླུང་འཕྲིན་མགོ་འཛུགས་གནང་།

དེ་རིང་ནས་ཨོ་སི་ཊོ་ལི་ཡའི་ཨེ་སི་བྷི་ཨེ་སི་རླུང་འཕྲིན་ཁང་(SBS)གིས་ཡུལ་དེའི་ནང་གནས་སྡོད་བོད་རིགས་ཚོར་ཆེད་དུ་དམིགས་ནས་བོད་སྐད་རྒྱང་སྲིང་སྡེ་ཚན་ཞིག་མགོ་འཛུགས་གནང་ཡོད་འདུག

ཨོ་སི་ཊོ་ལི་ཡའི་ཨེ་སི་བྷི་ཨེ་སི་རླུང་འཕྲིན་ཁང་(SBS)གིས། ཡུལ་དེའི་ནང་གནས་སྡོད་བྱེད་བཞིན་ཡོད་པའི་མི་རིགས་རྣམས་ལ་གནས་ཚུལ་སྤེལ་རེས་དང་། མི་རིགས་ཀྱི་ངོ་བོ་དང་རིག་གཞུང་ཉར་ཚགས་ཡོང་ཆེད། བོད་སྐད་དང་སོག་སྐད། ཁཱ་རིན་(Karen) ཧཱ་ཁཱ་ཆིན( Hakha Chin) ཀི་རན་ཌི་(Kirundi)བཅས་སྐད་རིགས་མི་འདྲ་བ་ལྔ་ཡི་ཐོག་གསར་འགྱུར་རྒྱང་སྲིང་གི་ལེ་ཚན་གསར་པ་ཞིག་དངོས་སུ་མགོ་འཛུགས་གནང་ཡོད་འདུག

བོད་སྐད་ལེ་ཚན་གྱི་བརྗོད་བྱ་གཙོ་བོ་ནི། ཨོ་སི་ཊོ་ལི་ཡའི་བོད་པའི་སྤྱི་ཚོགས་སྐོར་ཤེས་རྟོགས་དང་། ཨོ་སི་ཊོ་ལི་ཡའི་རྒྱལ་ཁབ་ཀྱི་ཁྲིམས་དང་མཐུན་པར་བདེ་གནས་ཡོང་ཆེད་འབྲེལ་ཡོད་མཁས་པའི་ལམ་སྟོན། དེ་བཞིན་ཨོ་སི་ཊོ་ལི་ཡའི་ནང་ཕྱིའི་རྒྱལ་ཁབ་ནས་གསར་དུ་གནས་སྤོར་བྱུང་བ་མང་པོར་གནས་ཚུལ་གོ་རྟོགས་གསལ་པོ་མེད་པས་དཀའ་ངལ་འཕྲད་བཞིན་ཡོད་པར་བརྟེན། བོད་སྐད་ལེ་ཚན་བརྒྱུད་ཁོང་ཚོར་འོས་འཕེན་ཚུལ་དང་། དཔྱ་ཁྲལ་ཕྱིར་ལེན་ཚུལ། ཆུ་དང་མེ་ཡི་བདེ་འཇགས་སློབ་སྟོན། འཕྲོད་བསྟེན་བལྟ་སྐྱོང་དང་། སྡོད་ཁང་གི་མཐུན་རྐྱེན་སྦྱོར་ཚུལ་སོགས་ཀྱི་སྐོར་ངོ་སྤྲོད་ལམ་སྟོན་གནང་གི་ཡོད་འདུག

SBS རླུང་འཕྲིན་ཁང་གི་སྒྲ་དང་སྐད་ཡིག་བརྗོད་བྱའི་འགན་འཛིན་མན་ཌི་ཝེག་སི་(Mandi Wicks )ལགས་ཀྱིས། ང་ཚོས་ SBS རླུང་འཕྲིན་རྒྱ་སྐྱེད་བཏང་ནས་སྤྱི་ཚོགས་ནང་དམིགས་བསལ་དགོས་མཁོ་ལ་གཞིར་བཞག་གིས་གནས་ཚུལ་གལ་ཆེ་ཁག་དབྱིན་སྐད་ཁོ་ན་མིན་པར་སྐད་རིགས་ཁག་མང་པོའི་ནང་རྒྱང་སྲེང་བྱེད་ཐུབ་པར་དགའ་སྤོབས་ཡོད། དེ་ཡང་ང་ཚོའི་བརྗོད་དོན་རྣམས་དྲ་ཐོག་ནས་གསན་པ་པོ་ཇེ་མང་དུ་འགྲོ་བཞིན་ཡོད་པ་ལྟར། དགོས་མཁོ་ལ་གཞིགས་ནས་གནས་ཚུལ་རྣམས་རང་གི་འདོད་མོས་ལྟར་དྲ་ཐོག་ནས་གསན་ཐུབ་རྒྱུ་ནི་གཞོན་སྐྱེས་གསན་པ་པོ་རྣམས་ལ་དམིགས་བསལ་ཕན་ནུས་ལྡན་པའི་ཡིད་ཆེས་ཡོད། ཅེས་བརྗོད་འདུག

བོད་སྐད་ལེ་ཚན་གྱི་ལས་རིམ་ཡོངས་རྫོགས་ sbs.com.au/tibetan དང་། SBS རླུང་འཕྲིན་མཉེན་ཆས་ནི་ iTunes App Store ནས་ཕབ་ལེན་ཐུབ་ཀྱི་ཡོད་འདུག་ལ། བོད་སྐད་སྡེ་ཚན་གསར་པའི་སྙན་སྒྲོན་པ་པདྨ་སྒྲོལ་དཀར་ལགས་ནི། དེ་སྔོན་ཨོ་སི་ཊོ་ལི་ཡའི་བོད་ཀྱི་ལྷན་ཁང་གི་“Our Tibet Story” ཞེས་པའི་ལས་གཞིར་རོགས་སྐྱོར་དང། Settlement Service International (SSI) ལ་སྐད་སྒྱུར་གྱི་ལས་ཀ་བྱས་ཡོད་འདུག

ཨོ་སི་ཊོ་ལི་ཡའི་དམིགས་བསལ་རྒྱང་སྒྲོག་བརྙན་འཕྲིན་ཁང་དེ་ཕྱི་ལོ་ ༡༩༧༥ ཟླ་༡ ཚེས་༡ ཉིན་ནས་དབུ་འཛུགས་གནང་སྟེ། ད་ལྟའི་ཆར་ཡན་ལག་གསར་འགྱུར་ཁང་བཞི་དང་། སྐད་རིགས་མི་འདྲ་བ་ ༧༤ ནང་གནས་ཚུལ་རྒྱང་སྲིང་བྱེད་བཞིན་ཡོད་འདུག  རྒྱང་སྒྲོག་བརྙན་འཕྲིན་ཁང་དེ་ནི་ཨོ་སི་ཊོ་ལི་ཡའི་རླུང་འཕྲིན་ཁང་ཆེ་ཤོས་ལྔ་ཡི་ནང་གི་གཅིག་ཡིན་འདུག

འབྲེལ་ཡོད་ནས་གནས་ཚུལ་མཁོ་སྤྲོད་གནང་།

བསྐྱར་བཅོས།: ༢༠༡༨/༠༥/༢༩

Leave a Reply

One thought on “ཨོ་གླིང་གི་བོད་སྐད་རླུང་འཕྲིན་མགོ་འཛུགས་གནང་།

  1. གཞུང་པ་ཚེ་དབང་བསོད་ནམས་།

    དགའ་བསུའི་འཚམས་འདྲི་བཀྲིས་བདེ་ལེགས་ཞུ་བ་དང་ཆབས་ཅིག་སྟོང་ཆ་བསྒྲགས་པའི་ཁ་སྟོང་ལག་སྟོང་གི་ཆབ་སྲིད་མ་ཡིན་པ་དོན་དངོས་བོད་མི་རིགས་འཚོ་གནས་ཐུབ་པའི་ཕ་མེས་ནས་བརྒྱུད་པའི་སྐད་ཡིག་རིག་གཞུང་སོགས་ངོ་སྤྲོད་དང་གླེང་སློང་ཐུབ་པའི་འགན་འཁུར་བཞེས་དགོས་པའི་འབོད་བསྐུལ་ཡང་ཞུ་འདོད་བྱུང་ཐུགས་རྗེ་ཆེ་བཀྲིན་ཆེ་།