༧པཎ་ཆེན་རིན་པོ་ཆེ་མཆོག་བཙོན་ལས་སྐྱོབ་པར་རྒྱལ་མཚན་ནོར་བུ་ལས་ལྷག་ཅིག་མེད།

བོད་རྒྱའི་གནད་དོན་དཔྱད་བརྗོད་པ་དང་རྩོམ་པ་པོ་ལྷ་སྡེ་གནམ་ལོ་ཡག་ལགས་སུ་བོད་ཀྱི་བླ་སྤྲུལ་ལམ་ལུགས་དང་། ༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་དང་འབྲེལ་བའི་གནད་དོན་ཁག་ཅིག་གི་ཐོག་བཅར་འདྲི་བྱས།

དྲི་བ། ཁྱེད་རང་ཆབ་སྲིད་དཔྱད་བརྗོད་པ་ཞིག་གི་ངོས་ནས་བལྟས་པ་ཡིན་ན། བོད་ཀྱི་བླ་སྤྲུལ་ལམ་ལུགས་ཀྱིས་བོད་ཀྱི་ཆབ་སྲིད་ཐད་ཕན་གནོད་ག་འདྲ་ཞིག་བྱུང་འདུག 

ལན། བོད་ཀྱི་བླ་སྤྲུལ་ལམ་ལུགས་ལ་ལོ་རྒྱུས་ཤིན་ཏུ་རིང་བོ་ཡོད་པ་རེད། དོན་ལ་གཉའ་ཁྲི་བཙན་པོ་ནས་བརྒྱུད་པའི“སྐུ་གཤེན་ལམ་ལུགས”ལ་བསྒྱུར་བཅོས་ཀྱིས་བྱུང་བ་ཞིག་ཡིན་པར་གོ་ཆོག ཧ་ལམ་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་ནས་ཐུ་བྷོད་བཙན་རྒྱལ་གྱིས་སྔར་གྱི་ལྟ་གྲུབ་སྣ་མང་མཉམ་གནས་ཀྱི་ལམ་སྲོལ་ལ་འགྱུར་བ་བཏང་ནས་ལྟ་གྲུབ་གཅིག་ཅན་གྱི་སྤྱི་ཚོགས་ཤིག་ཡོང་ཐབས་ཀྱི་སྲིད་ཇུས་ལག་བསྟར་གནང་ཡོད་པས། ཐོག་མར་ས་སྐྱེས་རྡོ་སྐྱེས་ཀྱི་བོན་དེ་བཞིན་བན་ལ་བསྒྱུར་བ་དང་དེ་ནས་ཕྱི་ཡོང་རྒྱ་བརྒྱུད་སངས་རྒྱས་ཆོས་ལུགས་ཀྱི་སྒོམ་སྒྲུབ་ཉམས་ལེན་ལ་བཀག་འགོག་བྱས། (འདིར་སྲོལ་རྒྱུན་དུ་ཧྭ་ཤང་གི་ལུགས་ཟེར། ཕྱི་ལོ༡༩༩༨ལོར་རྒྱལ་བ་རིན་པོ་ཆེ་མཆོག་ནས་ངོས་བཞེས་གནང་སྟེ་བོད་བརྒྱུད་སངས་རྒྱས་ཆོས་ལུགས་དང་རྒྱ་བརྒྱུད་སངས་རྒྱས་ཆོས་ལུགས་བར་ལོ་ངོ་ཆིག་སྟོང་ཡར་སྔོན་དུ་བྱུང་བའི་གྱོད་གཞི་དེའི་མཇུག་སྡུམ་འདུག)

ལས་འགུལ་དེའི་ཁྲོད་དུ“སྐུ་གཤེན”གྱི་མཚན་གནས་བསྒྱུར་ནས“བླ་མ”ཞེས་བཏགས་ཡོད་པ་དང་དེ་ནི་སྟོབས་ཤུགས་རྙིང་བ་ཞིག་གི་ཚབ་ཏུ་སྟོབས་ཤུགས་གསར་བ་ཞིག་སླེབས་པའི་ལོ་རྒྱུས་ཀྱི་དཀྱོགས་མཚམས་ཤིག་རེད། སྐབས་དེའི་སྐུ་དང་བླ་གཉིས་ཀ“བཙན་པོ་རིམ་བྱོན”ལ་གོ་བ་གཉའ་ཁྲི་བཙན་པོ་ནས་བརྒྱུད་པའི“སྐུ་གཤེན”དང་སྟག་རི་གཉན་གཟིགས་ནས་ཆེད་སྤྱོད་མིང་གསར“བླ་སྨན”གཉིས་ལས་ཤེས་ཐུབ་ལ། མ་ནི་བོད་རང་ལ་གདོད་མ་ནས་ཡོད་པའི་མ་དྲིན་མོ་ཆེའམ་ཨ་མ་ལས་ཡོང་བར་ཐེ་ཚོམ་མེད། རྒྱ་གར་སྐད་ཀྱི“གུ་རུ”ལས་ཡོང་ཚུལ་བཤད་ཀྱིན་པ་དེ་རྗེས་སུ་བྱུང་བའི་འགྲེལ་གསར་རེད། གང་ལྟར་ཡང་བོད་བརྒྱུད་སངས་རྒྱས་ཆོས་ལུགས་དར་སྤེལ་གཏོང་མཁན་ཚོས་དཀོན་མཆོག་གསུམ་གྱི་སྟེང་ལ་བླ་མ་བསྣན་ནས་མི་རྣམས་ཆོས་སྒོར་ཞུགས་དུས་ཀྱི་རྩ་བའི་སྲུང་བྱར“སྐྱབས་འགྲོ”ཚིག་བཞི་བརྩམས་ཏེ་ལག་བསྟར་གནང་ཡོད་པར་མ་ཟད། “བླ་མ་མེད་པའི་གོང་རོལ་ན། སངས་རྒྱས་བྱ་བའི་མིང་ཡང་མེད། བསྐལ་བ་སྟོང་གི་སངས་རྒྱས་ཀྱང་། བླ་མ་དག་ལ་བརྟེན་ནས་བྱུང”ཞེས་རིགས་པའི་རྒྱས་བཅད་ཡོད་པས།  ཞིབ་ཏུ་ལྟོས་དང་སྟོན་པ་ཤཀྱཱ་ཐུབ་པ་མཆོག་དཀའ་སྤྱད་སྒྲུབ་སྦྱངས་ལ་བརྟེན་ནས་སངས་རྒྱས་པའི་དོན་དངོས་ལ་དོ་ཕོག་བྱུང་མེད་པའང་མིན། དེའང་དབང་ཆ་སྲ་བརྟན་ཡོང་ཐབས་ཀྱི་ཆེད་དུ་ཡིན་པ་ལས་མ་ཤེས་པའི་བྱ་སྤྱོད་ཅིག་མ་རེད་འདོད།  ཡིན་ནའང་། དེ་ནི་བོད་ཀྱི་ཁྱད་ཆོས་ལྡན་པའི་བསྒྱུར་བཅོས་ཤིག་ཡིན་པས་དེང་གི་ཆོས་རིག་འདི་ཉུང་མཐར་བོད་དང་རྒྱ་གར་གྱི་གནའ་བོའི་ཤེས་རིག་གི་ཉིང་བཅུད་མཉམ་བསྲེས་ལས་བྱུང་བ་ཞིག(Ancient Tibetan-Indian mixed knowdlege or culture)ལས་རྒྱ་གར་ཁོ་ནའི་མིན་པའི་དངོས་བདེན་ལོ་རྒྱུས་ལ་ར་སྤྲོད་བྱས་ཡོད།

ཆབ་སྲིད་ལོ་རྒྱུས་ཀྱི་ངོས་ནས་བཤད་ན། བླ་མའི་ལམ་ལུགས་ཀྱིས་ལོ་རྒྱུས་ཀྱི་འཕེལ་འགྱུར་ཁྲོད་གོ་གནས་ངེས་ཅན་ཞིག་ཟིན་ཡོད་པར་མ་ཟད། ཆོས་ལུགས་དང་ཤེས་རིག་དར་སྤེལ་སོགས་ཕྱོགས་གང་ཅིའི་ཐད་ལ་བྱས་རྗེས་ཀྱང་ངེས་ཅན་རེ་འཇོག་མྱོང་ཡོད། ཡིན་ནའང་། ལམ་ལུགས་འདི་བཞིན་ཆབ་སྲིད་ཀྱི་འཐབ་རྩོད་བརྒྱུད་ནས་བྱུང་བ་ཞིག་དང་ཆོས་སྲིད་དབང་བསྒྱུར་ལ་དམིགས་པའི་ཐོན་རྫས་ཤིག་ཡིན་སྟབས། དུས་ཡུན་ཤིན་ཏུ་རིང་བོར་ཆབ་སྲིད་དང་ཁ་འབྲལ་ཐུབ་མེད་ལ། མང་ཆེ་བར་འབྲལ་འདུན་ཡང་བྱུང་མེད། དཔེར་མཚོན་ཡག་ཤོས་ནི་བོད་ལ་བྱུང་ཟིན་པའི་དུས་འགྱུར་དང་རྩོད་རྙོག་རེ་རེ་ཡི་ཁྲོད་དུ་བཟང་ངན་གཉིས་ཐད་ཀྱི་བླ་སྤྲུལ་དག་གི་རྒྱབ་ཡོར་རེ་མཐོང་རྒྱུ་ཡོད་པ་དེ་དག་རེད།

ལར་ནས་སྔོན་སྐུ་གཤེན་ལམ་ལུགས་ལ་བསྒྱུར་བཅོས་གཏོང་དོན་ཡང་ཕྱི་ཚུལ་ནས་བལྟས་ན་སྐུ་གཤེན་རིམ་བྱུང་གིས་ཆབ་སྲིད་ལ་ཐེ་བྱུས་བྱེད་དྲགས་པར་འབྲེལ་བ་ཆགས་ཡོད་པ་ལས་ཆོས་རིག་ཐད་བྱས་རྗེས་མེད་པ་མིན་ལ། སྒོས་སུ་བཙན་པོའི་དུས་ཀྱི་དམག་དོན་ཁྲོད་སྙིང་སྟོབས་མི་འགྱུར་སྲོག་གི་ཀ་བའི་གཞི་རྟེན་ཆགས་ཡོད། དེ་བས་བཙན་པོ་སྲོང་བཙན་སྒམ་པོས་ཞང་ཞུང་མངའ་འོག་ཏུ་བསྡུས་རྗེས། གཡུང་དྲུང་བོན་གྱི་སྐུ་གཤེན་ཞིག་རྒྱལ་རོང་ལ་བྲོས་བྱོལ་གྱིས་སྐུ་ཕྲེང་ན་རིམ་རྒྱུན་མ་ཆད་པར་བྱུང་འདུག་པས།  འདིའི་ཆ་ནས་བལྟས་ན“ཡང་སྲིད་ངོས་འཛིན”ཡང་བན་ལས་བོན་སྔ་བ་འདུག་པའི་ཁར། བོན་གྱི་བླ་མ་དེ་རྒྱལ་རོང་ནས་སྐུ་ཕྲེང་ན་རིམ་བྱུང་ཐུབ་དོན་ཡང་ཐུ་བྷོད་གཞུང་གི་མཐའ་སྲུང་དམག་མི་ཚང་མ་བོན་ཆོས་ལ་དད་པ་ཡོད་པར་ཐུག་ཡོད། དེ་མཚུངས་སུ་བཙན་པོ་ཁྲི་སྲོང་ལྡེ་བཙན་སྐུ་རིང་གི་ལྟ་གྲུབ་གཅིག་གི་འོག་ཏུ་འཇུག་པའི་བསྒྱུར་བཅོས་ཀྱིས་ཉུང་མཐར་མཇུག་འབྲས་མི་ལེགས་པ་ཆེན་པོ་གཉིས་བསྐྱེད་ཡོད།  དང་པོ།  བོད་ལ་ཡོད་པའི་ལོ་ངོ་སྟོང་ཕྲག་མང་བོའི་ཤེས་རིག་གི་ལོ་རྒྱུས་དང་བཅས་པ་མེད་བརླག་ཏུ་བཏང་ཡོད། དཔེར་ན། དུས་རབས་བདུན་པའི་སྟོད་ལ་སྲོང་བཙན་སྒམ་པོས་སྲིང་མོ་མནའ་མར་ཕུལ་ཏེ་ཐབས་ཀྱིས་བཀྲོངས་པའི་ཞང་ཞུང་རྒྱལ་བོ་མཐའ་མ་ལིག་མི་རྐྱའི་ཐམ་ཀ་དེང་སྐབས་བྱེས་ཀྱི་གཡུང་དྲུང་བོན་གྱི་གདན་ས་སྨན་རི་དགོན་དུ་ཉར་ཚགས་གནང་ཡོད་ཅིང་། ཐམ་ཀའི་སྟེང་གི་ཡི་གེ་སྨར་ཆེན་དང་ཞང་ཞུང་སྐད་དུ“ཁ་ཚན་པ་ཤང་ལིག་ཞི་ར་ཙ”ཞེས་བྲིས་ཡོད་པ་དེ་བོད་སྐད་དུ་བསྒྱུར་ན“ཐམས་ཅད་དབང་བསྒྱུར་སྲིད་པའི་རྒྱལ་པོ”རེད་ཅེས་མཁོ་འདོན་པས་གསུངས་སོང་།  སྲིད་པ་ནི་བརྡ་རྙིང་དེ་རྗེས་སུ་ཚབ་ཏུ་འཇིག་རྟེན་བེད་སྤྱོད་བཏང་ཡོད་པ་དང་དོན་ལ“སྲིད་པ་བོན”ལའང་དབྱིན་སྐད་ནང “Shamanism” ཞེས་ཨེ་ཤི་ཡའི་གླིང་ཆེན་གྱི་གནའ་བོའི་ཆོས་ལུགས་གཙོ་བོ་ཡིན་པར་བཤད་ཡོད། དོན་ལ་བོད་ཀྱི་གཞི་རིམ་མང་ཚོགས་ཁྲོད་སྲིད་པ་བོན་ནས་བརྒྱུད་པའི་མོ་འདེབས་ལྷ་འབེབས་གཏོ་འཕེན་བསང་གཏོང་དུར་མཆོད་སོགས་དེང་གི་བར་མ་ཉམས་པར་འགྲོ་བཞིན་ཡོད་པས། བོད་འདི་ཨེ་ཤི་ཡའི་གནའ་བོའི་དཔལ་ཡོན་གྱི་འབྱུང་ཁུངས་གལ་ཆེན་ཞིག་ཡིན་པའི་སྒྲུབ་བྱེད་ཆགས་ཡོད་པར་མ་ཟད། གཡུང་དྲུང་བོན་ནི་སྲིད་པ་བོན་ལ་བསྒྱུར་བཅོས་ཀྱི་རྨང་གཞིའི་སྟེང་ནས་གཞུང་ལུགས་ཅན་གྱི་ཆོས་ལུགས་སུ་འཕེལ་ཡོད་པས། བོད་ལ་ཐུན་མོང་མ་ཡིན་པའི་གནའ་བོའི་དཔལ་ཡོན་གྱི་ལོ་རྒྱུས་འཐུས་ཚང་ཞིག་ཡོད། ཡིན་ནའང་། བོད་པ་མང་ཆེ་བས་བསང་གཏོང་བཞིན་ལྷ་འབེབས་ཀྱིན་གཏོ་འཕེན་བཞིན་ད་དུང་ཡང་བོད་རང་གི་གནའ་བོའི་དཔལ་ཡོན་ངོས་ལེན་བྱེད་ཀྱི་མེད་པས། རྒྱལ་སྤྱིའི་སྟེང་ནས་བོད་འདི་རིག་དངོས་ཀྱི་ཆ་ལ་བཞག་ནས་སྲུང་སྐྱོབ་བྱེད་པའི་ལམ་ཁ་རང་བཞིན་གྱིས་འགག་ཏུ་བཅུག་ཡོད། གཉིས་པ། ཆབ་སྲིད་ཀྱི་དབང་ཆ་རྗེས་སུ་རིམ་པས་བླ་མ་དག་གི་ཕྱག་ཏུ་རག་པར་རྨང་གཞི་བསྐྲུན་ཡོད། དཔེར་མཚོན་ནི་ཆོས་ཟུང་འབྲེལ་ལམ་ལུགས་ཀྱི་སེར་མོ་བའི་དཔོན་རིགས་རིམ་བྱུང་ཡིན། སེར་མོ་བའི་དཔོན་རིགས་ཚོ་དགེ་འདུན་པའི་སྡོམ་པ་སྲུང་དགོས་པ་དང་ཆབ་སྲིད་པའི་དགོས་དབང་གིས་རྫུན་བཤད་དགོས་པའི་འགལ་བ་ལྟག་སྤྲོད་ཀྱི་འཚོ་བ་ཞིག་བརྒྱུད་ནས་ཡོང་དགོས་ཐུག་ཡོད།

 དུས་རབས་བདུན་པའི་ནང་གི་ཞང་ཞུང་རྒྱལ་ཐོག་མཐའ་མ་ལིག་མི་རྐྱའི་ཐམ་ཀ  པར་མཁོ་འདོན་པ་སྨན་རི་དགོན།

ལར་ལྟོས་ས་ལྟོས་འཇོག་གི་ཆ་ནས་སེར་མོ་བ་ནི་འདུལ་བྱ་ལ་ཕྱོགས་པའི་ཕུགས་བསམ་རིང་ལུགས་པ་རྐྱང་རྐྱང་ཡིན་པས།  འཇིག་རྟེན་པའི་ཉིན་རྒྱུན་འཚོ་བའི་ཁྲོད་ཀྱི་དཀའ་སྡུག་ཆེར་རྟོགས་ཐུབ་ཀྱི་མེད། དེ་བས། དུས་རབས་རིམ་བྱུང་ནང་ཆོས་སྲིད་ཟུང་འབྲེལ་ལམ་ལུགས་ཁྲོད་ཆབ་སྲིད་ཀྱི་གོ་ས་ངེས་ཅན་བཞེས་མྱོང་བའི་བླ་མ་མང་བོ་ཞིག་གདུལ་བྱ་རྒྱ་བསྐྱེད་ལ་གྲུང་བོ་ཡོད་པ་ལས་དམ་པའི་ལྷ་ཆོས་གོང་སྤེལ་གྱི་གཞི་རྟེན་འཇིག་རྟེན་མི་སྡེ་ཡི་དར་རྒུད་ལ་ཐུག་ཡོད་པ་ཧ་མ་གོ་བའམ། ཁྲལ་དང་འབུལ་བ་བསྡུ་རྒྱུ་ཁོ་ན་ལས་མི་སྡེ་སྤྱི་ཚོགས་དར་སྤེལ་ལ་གཏོང་དགོས་པར་དོ་སྣང་ཁྱོན་ནས་གནང་མེད་པས། རྒྱལ་ཁབ་ཟེར་བའི་འདུ་ཤེས་ག་ལེར་མང་ཚོགས་ཁྲོད་བོར་བརླག་བྱུང་འདུག་ལ། ཁ་སང་དེ་རིང་རྒྱལ་ཁབ་ཀྱང་ཤོར་ཚར་བའི་གནས་སྟངས་ཉམས་ཐག་འདི་རེད། མ་གཞི་བོད་བརྒྱུད་སངས་རྒྱས་ཆོས་ལུགས་ཀྱི་བླ་སྤྲུལ་ལམ་ལུགས་ནི་ལྟ་བ་རྟེན་འབྱུང་དང་སྤྱོད་པ་འཚེ་མེད་ཀྱི་གཞུང་ལུགས་ཤིག་གཞིར་བཟུང་བའི་ལམ་སྲོལ་ཞིག་ཡིན་པས། དེང་ཕྱིན་འགྲོ་བ་མིའི་རིགས་ཀྱི་བསམ་བློའི་རུ་འདྲེན་པའི་ཁྲི་འཕང་མཐོན་པོའི་སྟེང་ཡར་འཛེག་པར་ཤུགས་རྒྱག་འོས་པ་ལས་ད་དུང་ཆབ་སྲིད་འཐབ་རྩོད་ཀྱི་གཡོ་སྒྱུ་ཁྲམ་གསུམ་ཁྲོད་མུ་མཐུད་དུ་བཞུགས་འོས་པ་ཞིག་རྩ་བ་ཉིད་ནས་མ་རེད་འདོད།

དྲི་བ།  ཉེ་སྔོན་ཨ་རིའི་གྲོས་ཚོགས་ནས་བོད་ཀྱི་སྤྲུལ་སྐུའི་ལམ་ལུགས་དེ་བོད་པ་རང་མ་གཏོགས་སུས་ཀྱང་ཇུས་གཏོགས་བྱེད་མི་ཆོག་པའི་གྲོས་ཆོད་ཅིག་བཞག་ཡོད་པ་དང་། རྒྱ་ནག་གཞུང་གིས་དེ་ལ་སྐྱོན་བརྗོད་བྱས་ཏེ་ནང་སྲིད་ལ་ཐེ་ཇུས་བྱས་སོང་སྐོར་བརྗོད་ཡོད་པ་རེད། ཁྱེད་ཀྱིས་གནད་དོན་དེར་བསམ་ཞིབ་ག་འདྲ་གནང་གི་ཡོད། 

ལན། ངའི་གོ་ཐོས་ལྟར་ཡིན་ན་ཨ་རིའི་གྲོས་ཆོད་ཡིག་ཆ་དེ་ཁྲིམས་ནུས་ཡོད་པ་ཞིག་ད་དུང་ཆགས་ཐུབ་མེད། རྒྱུ་མཚན་ནི་ད་དུང་གྲོས་ཚོགས་འོག་མའམ United States House of Representatives བརྒྱུད་ནས་ཁྲིམས་ཆགས་དགོས་ཀྱི་ཡོད། ཡིན་ནའང་། དེ་ནི་ལོ་རྒྱུས་རང་བཞིན་གྱི་དོན་སྙིང་ལྡན་པའི་རྣམ་འགྱུར་གལ་ཆེན་ཞིག་རེད། དེ་བས། བཙན་བྱོལ་བ་ཚོས་འདི་ནི་རོགས་དངུལ་ཕྲན་བུ་རག་བྱེད་ཅིག་ཁོ་ནར་ལྟ་མི་རུང་། དོན་ལ་འདི་ཡིས་བླ་སྤྲུལ་ལྷན་རྒྱས་འཛམ་གླིང་ལ་དཔུང་འཇུག་བྱེད་པའི་གོ་སྐབས་ལ་མཐུན་རྐྱེན་ཧ་ཅང་གི་ཡག་པོ་ཞིག་བསྐྲུན་ཡོད། ཕྲན་ལ་དོན་དག་འདིར་ཕྱོགས་གཉིས་ནས་དབྱེ་ཞིབ་བྱེད་འདུན་བྱུང་སོང་། ཕྱོགས་གཅིག་ནས་བོད་ཀྱི་བླ་སྤྲུལ་ལྷན་རྒྱས་འགྲོ་བ་མིའི་རིགས་ཀྱི་བསམ་བློའི་རུ་འདྲེན་པའི་ཁྲི་འཕང་སྟེང་ཡར་འཛེག་པར་ལམ་ཡིག་རགས་ཟིན་པ་ལྟ་བུར་གོ་ཆོག་པས།  ལམ་ཡིག་འདི་ལ་བརྟེན་ནས་ཁ་བཤད་དང་ལག་ལེན་ལ་ཡ་ཡོ་མ་ཤོར་བའམ། ཆོས་ལུགས་རིས་མེད་དང་གྲུབ་མཐའ་རིས་མེད། བོད་ཀྱི་དཔལ་ཡོན་གྱི་བྱུང་རིམ་རེ་རེའམ། སྲིད་པ་བོན་གྱི་དུས་རིམ། གཡུང་དྲུང་བོན་གྱི་དུས་རིམ། བན་བོན་མཉམ་གནས་ཀྱི་དུས་རིམ། བོད་བརྒྱུད་སངས་རྒྱས་ཆོས་ལུགས་ཀྱི་དུས་རིམ། དུས་རབས་ཉི་ཤུའི་ཡར་སྔོན་འཛམ་གླིང་སྟེང་མཐོང་དཀོན་པའི་བོད་ནང་བན་བོན་ཡི་ཤུ་ཁ་ཆེ་བཅས་པའི་ཆོས་ལུགས་སྣ་མང་མཉམ་གནས་སམ་བོད་ཡིག་ནང་ཆ་ཚང་ཤོང་ཡོད་པའི་དམིགས་བསལ་ལོ་རྒྱུས་ཀྱི་བྱུང་འཕེལ་འདི་ལ་ངོས་ལེན་དང་ངོ་སྤྲོད་བྱེད་པར་འབད་བརྩོན་གནང་འོས།  ད་གཟོད་བླ་སྤྲུལ་ཚོ་ངེས་པ་དོན་གྱི་དགེ་བསྐུལ་གྱི་དཔུང་སྡེ་ཞིག་ཏུ་འགྱུར་ནས་རང་གཞན་ཕྱི་གསུམ་ལ་ཕན་ཐོགས་ཡོད་པའི་མི་སྣ་གལ་ཆེན་དག་ཏུ་འགྱུར་ངེས། དེ་དུས་མ་གྱུར་སེམས་ཅན་གྱི་ཆ་ཤས་སུ་གྱུར་བའི་བོད་ཀྱི་ཕྱི་ནང་གི་སྣོད་བཅུད་གཉིས་དང་བཅས་པའི་ཉམས་ཀྱིན་པའི་འགྲོ་བ་མིའི་རིགས་ཀྱི་མཐའ་མཇུག་གི་གནའ་བོའི་དཔལ་ཡོན་དུ་གྲགས་པའི“བོད་ཀྱི་དཔལ་ཡོན”(དོན་ལ་བོད་འདི་གཙང་བོའི་དཔལ་ཡོན་རྒྱལ་ཁམས་ཏེ་ཨེ་ཤི་ཡའི་མ་ཡུམ་གཙང་བོ་དག་གི་འབྱུང་ཁུངས་ཆགས་ཡོད)འདི་ལའང་སྲུང་སྐྱོབ་ཀྱི་གཞོགས་འདེགས་གང་ཐུབ་བྱེད་ཐུབ་ཡོད་པ་རེད། དོན་དག་འདི་སྒྲུབ་པའི་ལས་འགན་བླ་སྤྲུལ་ཁོ་ན་མ་ཡིན་པར་བོད་པ་སྤྱི་ལ་ཡོད་ཅིང་། ཕྲན་གྱིས་འདི་ནས་ལྷན་རྒྱས་བོད་ཀྱི་ཚེ་སྲོག་རྒྱུན་བསྲིངས་ལ་ཐག་གཅོད་རང་བཞིན་གྱི་ནུས་པ་ཐོན་ཐུབ་པའི་གཏེར་ཁ་ཞིག་གི་སྒོ་བསྟན་ཡོད་པའི་ཁུལ་ཡིན།

ཕྱོགས་གཞན་གཅིག་ནས་བཤད་ན། འདི་ནི་ཨ་རིའི་ཆབ་སྲིད་ཀྱི་བྱ་སྤྱོད་ཡན་གར་བ་ཞིག་རེད་ལ། དུས་ཚོད་ཀྱང་ཨ་རི་དང་རྒྱ་ནག་དམར་ཤོག་གཞུང་བར་འགྲན་རྩོད་འགོ་ཚུགས་མ་ཐག་ལ་འཁེལ་ཡོད། ད་ལྟ་གྲོས་ཆོད་ཡིག་ཆ་འདི་ཁྲིམས་སུ་བསྒྱུར་ཐུབ་མིན་གྱི་འགན་གཙོ་བོ་བོད་པ་ཚོའི་ཕྲག་སྟེང་དུ་བབས་ཡོད་པས། མུ་མཐུད་དུ་ཚ་ཐོག་ངར་ཐོག་ལ་སྣེ་མོ་འདིར་འཇུས་ནས་ཨ་རིའི་གྲོས་ཚོགས་དང་གཞུང་གཉིས་ལ་འབོད་བསྐུལ་རྒྱུན་མ་ཆད་པར་ཞུས་པ་ཡིན་ན་ཁྲིམས་སུ་བསྒྱུར་བའི་རེ་བ་ཆེན་པོ་ཡོད་པ་རེད། ཁྲིམས་ཆགས་རྗེས་ཨ་རིའི་གཞུང་ལ་བླ་སྤྲུལ་ཡང་སྲིད་ངོས་འཛིན་ཐད་ལ་ཕྱི་ཡོང་ཐེ་བྱུས་འགོག་པའི་ལས་འགན་ཡོད་པར་མ་ཟད། བོད་པ་རང་ངོས་ནས་ལས་འགན་དེ་ཕར་ལ་ཞུ་བསྐུལ་བརྒྱུད་ནས་བཅོལ་བ་ཞིག་ཡིན་སྟབས། ཨ་རིའི་གཞུང་ལ་ཕྱག་ལས་གནང་བར་སྟབས་བདེ་དང་གནས་ལུགས་གཉིས་ཀ་ཡོད་པ་རེད། སྐབས་འདིར་བཙན་བྱོལ་ནང་བརྒྱུད་ལམ་གཅིག་ཁོ་ན་ཟེར་བ་དེ་བཀག་རྒྱའི་ལག་ཆར་མི་བཀོལ་བར་ནུས་པ་ཅན་ཚོར་བསྐུལ་མ་གཏོང་བའི་གུ་ཡངས་ཀྱི་བསམ་བློ་འཁོར་འོས་པ་བཤད་མ་དགོས། དེ་ལས་ལྡོག་ནས་བོད་པ་སྤྱི་དང་སྒོས་སུ་བཙན་བྱོལ་སྤྱི་ཚོགས་ཁྲོད་ཀྱི་བླ་སྤྲུལ་ལྷན་རྒྱས་ཀྱིས་དབུས་པའི་ཚོགས་སྡེ་ཁག་འཇམ་ཅག་གེར་བཞུགས་པ་ཡིན་ན་གསེར་ལྟ་བུའི་གོ་སྐབས་འདི་འཆོར་ངེས་ཡིན། གོ་སྐབས་འདི་འདྲ་ཞིག་ཡང་བསྐྱར་ཡོང་དགོས་ན་ཉུང་མཐར་ལོ་བཅུ་ནས་བཅོ་ལྔ་དང་མང་མཐར་ལོ་བཞི་བཅུའམ་ལྔ་བཅུ། ཡང་ན། གཏན་ནས་ཡོང་རྒྱུ་མེད་པའང་ཡོད་སྲིད།

དྲི་བ།  དེ་སྔོན་བོད་མིའི་སྒྲིག་འཛུགས་ནས་རྒྱ་ནག་གཞུང་གིས་ངོས་འཛིན་བྱས་པའི་རྒྱལ་མཚན་ནོར་བུ་ལགས་ལ་གུས་བརྩི་དགོས་སྐོར་གསུངས་ཡོད་པ་དང་། དེ་བཞིན། འདི་ལོར་༧པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས ༢༩ ཕེབས་པའི་འཁྲུངས་སྐར་སྐབས། གོང་ས་མཆོག་གིས་བླ་མ་ཞིག་ལ་མཚོན་ན་སྤྲུལ་བའི་ཟློས་གར་སྣ་ཚོགས་ཡོད་སྐོར་གསུངས་སོང་ཡོད་པར་བརྟེན། སྤྱི་ཚོགས་ནང་དགོས་དབང་ངམ་ཡང་ན་དངོས་འབྲེལ་རྒྱུ་མཚན་ཞིག་ལ་བརྟེན་ནས་༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ནས་རྒྱལ་མཚན་ནོར་བུ་ལགས་༧པཎ་ཆེན་ཡང་སྲིད་དུ་ངོས་བཞེས་གནང་གི་ཡོད་སྐོར་བརྗོད་མཁན་ཡོང་གི་ཡོད་པ་ལྟར། མ་འོངས་པར་རྒྱ་ནག་གཞུང་ནས་གནད་དོན་དེ་ཆབ་སྲིད་ལག་ཆ་ག་འདྲ་ཞིག་ཏུ་བསྒྱུར་ཉེན་ཡོད་པ་རེད་བསམ་གྱི་འདུག

ལན། དོན་དག་འདི་མ་གཞི་ནས་རྒྱན་པོ་འགྱེད་ལྟ་བུའི་རྒྱལ་ཕམ་ལ་ཐུག་ཡོད་པའི་ཆབ་སྲིད་ཀྱི་རྩེད་སྟངས་ཤིག་རེད། ཡིན་ནའང་། ད་ལྟ་དབྱེ་ཞིབ་བྱེད་བྱ་དེ་རྒྱལ་ལམ་ཕམ་གང་རུང་མ་ཡིན་པར་མཇུག་འབྲས་ཁྲོད་ཀྱི་དམིགས་བྱ་གང་ཡིན་འཚོལ་ཨེ་ཐུབ་ལྟ་རྒྱུ་དེ་ཧ་ཅང་གི་གལ་ཆེན་རེད་འདོད། ཚང་མས་ཞིབ་ཏུ་བསམ་བློ་གཏོང་མྱོང་ན་གོང་དུ་གསར་འགོད་པའི་ལུང་འདྲེན་གནང་བའི་རྒྱལ་བ་རིན་པོ་ཆེ་ཡི་བཀའ་སློབ་དེ་ཟམ་གདོང་རིན་པོ་ཆེ་མཆོག་ས་དམ་མམ་མྱཱ་དཀར་ནག་གི་ལུང་བར(དེང་རྒྱ་ནག་གིས་ཡུན་ནན་ཞིང་ཆེན་ཟེར།)གསང་བའི་ལམ་ནས་ཕེབས་ཏེ་རྒྱ་ནག་དམར་ཤོག་གཞུང་གི་འཐབ་ཕྱོགས་གཅིག་གྱུར་ཁང་གི་འགན་འཛིན་ལ་ཐུག་འཕྲད་གནང་ཚུལ་ཞིག་ས་གྲགས་གནམ་གྲགས་ལ་སོང་རྗེས་ཀྱི་ངྷ་རམ་ས་ལའི་རྣམ་འགྱུར་སྟོན་སྟངས་གསར་པ་ཞིག་རེད།

ཞིབ་འཇུག་པ་ཞིག་གི་ངོས་ནས་བཤད་ན། རྣམ་འགྱུར་འདིར་ཕྱོགས་ཁ་ཤས་ནས་ལྟ་དགོས་པ་ཞིག་ཆགས་ཡོད། གཅིག སངས་རྒྱས་བསྟན་པ་སྟོབས་ཀྱིས་སྐྱོང་བའི་དུས་ཡུན་རྫོགས་ནས་བསྟན་པ་ཐབས་ཀྱིས་སྐྱོང་དགོས་པའི་དུས་རབས་ཤིག་གི་ནང་སླེབས་ཡོད། དེའང་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཡོངས་གྲགས་སུ་གསུངས་མྱོང་བའི་སངས་རྒྱས་བསྟན་པ་གནས་པ་ཡིན་ན་བོད་མི་རིགས་མ་གནས་ཀྱང་ཆོག་ཅེས་པའི་དགོངས་པའང་འགྱུར་བ་དེ་ལྟ་བུ་ཞིག་གི་འོག་ནས་བྱུང་ཡོད་པར་ཐེ་ཚོམ་མེད་པ་ཅིག་རེད་ལ། རྩ་བའི་དམིགས་འདུན་ཡང་བསྟན་པའི་ལ་རྒྱ་ལ་ཐུག་ཡོད་ངེས།

གཉིས། རྒྱབ་ལྗོངས་དེ་ལྟ་བུ་ཞིག་གི་འོག་ཏུ་ལོ་ཤས་ཡར་སྔོན་ནས་ངྷ་རམ་ས་ལ་ནས་ཨ་མཆོག་རིན་པོ་ཆེ་མཆོག་བོད་ལ་ཕེབས་པའམ་མངགས་པ་གང་ཡིན་ཡང་དེང་སྐབས་བོད་ནང་གཞིས་ཆགས་ཏེ་དགོན་པར་འཛིན་སྐྱོང་གནང་བཞིན་ཡོད་ལ། ལྷ་རམས་དགེ་བཤེས་འཇམ་དཔལ་བློ་ཤེས་མཆོག་གིས་མཚོན་པའི་དགེ་བཤེས་ཁག་ཅིག་ཀྱང་བོད་ནང་དང་ཐ་ན་རྒྱ་ནང་དུའང་ཆོས་སྤེལ་དུ་ཕེབས་ཡོད། སྣང་ཚུལ་འདི་དག་ནི་རྒྱའི་གཏམ་དཔེ་ལྟར་བཤད་ན། “དམག་དཔུང་མ་སྒུལ་བའི་ཡར་སྔོན། ལྟོ་ཆས་དམག་ས་ལ་བཏང་ཡོད”ཟེར་བ་ལྟར་ཚོད་ལྟ་རང་བཞིན་གྱི་བྱེད་སྟངས་ཤིག་ལ་ལྟ་ཆོག་གི་རེད་འདོད།

གསུམ། ༧པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གི་ཡང་སྲིད་ཐད་རྩོད་རྙོག་བྱུང་སྟེ་ལོ་ངོ་ཉེར་གསུམ་རིང་དོན་ལ་པཎ་ཆེན་རིན་པོ་ཆེ་མེད་པའམ་མཛད་པ་འཕྲིན་ལས་འགུལ་མེད་སོར་གནས་ལྟ་བུ་ཆགས་ཡོད། དཔེར་ན། དེང་སྐབས་མི་ཚང་མས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ངོས་འཛིན་གནང་བའི་སྤྲུལ་སྐུའི་སྐྱ་མིང་ལས་ཆོས་མིང་ཤེས་ཀྱི་མེད་པ་དང་། རྒྱ་ནག་དམར་ཤོག་གཞུང་གིས་ངོས་འཛིན་བྱས་པའི་སྤྲུལ་སྐུ་ལ་ངོས་ལེན་གནང་གི་མེད་པས། དོན་ལ༧པཎ་ཆེན་ལམ་ལུགས་ཀྱི་ནུས་པ་སྣུམ་ཟད་མར་མེ་ལྟར་ཉམས་ཉེན་ལ་ཐུག་ཡོད།

ངྷ་རམ་ས་ལས་སྣང་ཚུལ་ངོ་མ་འདི་དག་མཐོང་རྗེས་བསམ་ཞིབ་ནན་གྱིས་གནང་བཞིན་པ་ནི་རྒྱལ་བ་རིན་པོ་ཆེ་མཆོག་གི་མ་འོངས་པའི་ཡང་སྲིད་ལམ་ཁ་འདིར་ཞུགས་རུང་མིན་དེ་ཆགས་ཡོད། སྐུ་འཁོར་གྱི་བློ་འདོན་པ་གཙོ་བོ་དག་ཀྱང་ཟམ་གདོང་རིན་པོ་ཆེ་མཆོག་གིས་མཚོན་པའི་ཆོས་པ་རྐྱང་རྐྱང་ཡིན་པས། ཕལ་ཆེར་རྒྱལ་བ་རིན་པོ་ཆེ་མཆོག་གི་མ་འོངས་ཡང་སྲིད་དེ་བཞིན་སྤྲུལ་སྐུའམ་སྐུ་གསུང་ཐུགས་དུ་མར་མ་ཆགས་པའི་ལམ་ཁ་ཡག་ཤོས་ནི་སངས་རྒྱས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་ཡོང་སླད་མཐའ་མའི་ཐག་གཅོད་དབང་ཆ་རྒྱ་དམར་གཞུང་ལ་ཐབས་ཀྱིས་སྤྲོད་ཀྱིན་པར་ཚོད་དཔག་བྱེད་ཆོག་པ་ཞིག་རེད།

ཆབ་སྲིད་གནས་སྟངས་ཀྱི་ཆ་ནས་ལྟ་སྐབས། མིག་སྔར་རྒྱལ་བ་རིན་པོ་ཆེ་མཆོག་གིས་རྣམ་འགྱུར་ག་འདྲ་ཡག་པོ་བསྟན་ནའང་ད་ལྟའི་ཆར་ཁོང་སྐུ་དངོས་ཕྱིར་ཕེབས་འཇུག་པའི་གོ་སྐབས་ཧ་ཅང་ཆུང་ཆུང་རེད། དཔེར་ན། ཕྱི་ལོགས་ནས་བོད་ནང་ཕེབས་མཁན་དག་གི་ཁ་པར་ནང་དུ་རྒྱལ་བ་རིན་པོ་ཆེ་ཡི་སྐུ་པར་ཉར་ཡོད་པ་ཡན་ཆད་འཇུས་ཚེ་གནམ་ཐང་ནས་ཐད་ཀར་ཕྱིར་སློག་གཏོང་གི་འདུག རྒྱ་ནག་དམར་ཤོག་གཞུང་གི་སྲིད་ཇུས་སམ་བྱེད་སྟངས་འདི་ཧ་ཅང་གི་གོ་བརྡ་གསལ་བོ་ཞིག་སྟེ། ཁོ་རང་ཚོས་དེང་གི་བར་རྒྱལ་བ་རིན་པོ་ཆེ་མཆོག་ནས་བསྟུན་ཤེས་གནང་བ་དེ་དག་ཉེས་པ་རེ་རེ་བཞིན་ངོས་ལེན་བྱེད་ཀྱིན་པ་ལྟ་བུར་ངོས་འཛིན་བྱེད་ཀྱི་ཡོད་པ་ལས་ཞི་འགྲིག་ཡོང་ཐབས་ཤིག་ལ་ལྟ་གི་མེད་པ་མཚོན་ཡོད། འདི་ཧ་གོ་དགོས་པའི་གནད་དོན་གལ་ཆེན་ཞིག་ཡིན།

ད་ལྟའི་ཆར་དུས་གནས་འདིར་འགྱུར་བ་ཅིག་ཨེ་ཡོང་ལ་སྒུག་རྒྱུ་ལས་ཐབས་གཞན་ལྷག་མེད་པར་འདོད།  མ་འོངས་པར་སྟབས་ཡག་ན་རྒྱ་ནག་དམར་ཤོག་གཞུང་ལ་འགྱུར་བ་ཞིག་འགྲོ་སྲིད་པས། རྒྱལ་བ་རིན་པོ་ཆེ་མཆོག་གི་མ་འོངས་ཡང་སྲིད་ལ་དཀའ་ངལ་ཆེར་མི་འཕྲད་ཀྱང་སྲིད། ཡིན་ནའང་།  རྒྱ་ནག་དམར་ཤོག་གཞུང་མུ་མཐུད་སོར་གནས་བྱུང་བ་ཡིན་ན་མ་འོངས་རྒྱལ་བའི་ཡང་སྲིད་ལ་དཀའ་ངལ་ཆེན་པོ་འཕྲད་ངེས་རེད། ཐ་ན་ཕྱི་ལོ༡༩༥༡ལོའི་ཡར་སྔོན་བོད་རྒྱལ་ཁབ་ཡིན་པ་དང་ཕྱི་ལོ༡༩༥༩ལོ་ནས་རྒྱ་དམར་གཞུང་གིས་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བར་རྡོག་རོལ་གྱིས་བོད་གཞུང་ཕྱིར་བསྡུ་གནང་བར་བསྐྱར་ཞིབ་དགོས་ཞེས་ཚེ་ཡི་འཕེན་པ་རྫོགས་རག་བར་དུ་འབད་བརྩོན་གནང་མྱོང་བའི་བོད་ཀྱི་དམར་ཤོག་དཔོན་རིགས་མཐོ་ཤོས་འབའ་བ་ཕུན་དབང་རྒྱལ་མཆོག་གི་དགོས་འདུན་ལའང་བསྙོན་འབྱིན་བྱེད་དུ་འཇུག་སྲིད། དུས་བབ་ཀྱི་བཅར་འདྲི་སྔ་མ་ཞིག་གི་འཕྲོས་བཤད་ནང་ཕུན་དབང་སྐུ་གཤེགས་པའི་སྔ་རྗེས་སུ་ཞི་ཅིན་ཕིན་གཞུང་གི་རྣམ་འགྱུར་རོབ་ཙམ་བཤད་མྱོང་། ཐུགས་འདུན་ཡོད་རིགས་ནས་དེ་ལ་གཟིགས་རོགས། 

དྲི་བ།  ཉེ་སྔོན་རྒྱ་ནག་གཞུང་གིས་ཆེད་གཏོང་བྱས་པའི་བོད་རང་སྐྱོང་ལྗོངས་ཀྱི་སྐུ་ཚབ་ཡིན་ཟེར་བའི་ཚོགས་ཆུང་ཞིག་གིས་ཁ་ན་ཊ་གྲོས་ཚོགས་ཀྱི་ཉན་ཞིབ་སྐབས། ༧པཎ་ཆེན་ཆུང་སྲིད་རིན་པོ་ཆེ་སྤྱི་དམངས་དཀྱུས་མ་ཞིག་གི་ཐོག་ནས་སློབ་ཆེན་མཐར་ཕྱིན་ཡོད་སྐོར་བརྗོད་ཡོད་པ་དང་། ༧གོང་ས་མཆོག་ནས་ཀྱང་༧པན་ཆེན་ཆུང་སྲིད་རིན་པོ་ཆེ་སྐུ་འཚོ་བཞུགས་ཡིན་པའི་ཁུངས་ལྡན་གནས་ཚུལ་གསན་ཡོད་སྐོར་གསུངས་ཡོད་པ་རེད། མ་འོངས་པར་བོད་ཀྱི་གནས་སྟངས་ལ་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ཕྱིན་པ་ཡིན་ན། ཡང་སྲིད་རིན་པོ་ཆེ་མཆོག་སྐུ་གོང་མའི་ཁྲི་ལ་བཞུགས་ཐུབ་བམ་ཡང་ན་གནས་སྟངས་གཞན་ཞིག་ཆགས་ཀྱི་ཡོད་དམ།

ལན། ཕྲན་ནས་ཕྱི་ལོ་ ༢༠༡༥ ལོའི་ཟླ་ ༨ ནང་ཧོང་ཀོང་དུ་རྟེན་གཞི་བྱས་པའི་རྒྱ་ཡིག་གི་ཟླ་དེབ་གྲགས་ཆེན<<བརྒལ་བརྟག>>སྟེང་དུ་རྩོམ་ཡིག་ཐུང་ངུ་ཞིག་སྤེལ་མྱོང་། རྩོམ་ཡིག་དེའི་ཁ་བྱང་ལ“༧པཎ་ཆེན་རྫུན་མའི་ལས་འགན་དང་གོ་སྐབས”ཞེས་པ་དེ་ཡིན། ནང་དོན་ཁག་གཉིས་སུ་དབྱེ་ནས་བཀོད་ཡོད་ཅིང་། གཙོ་བོ“སློབ་དཔོན་ཆེན་མོ་༧པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གི་དགོངས་བཞེད་མངོན་འགྱུར་ལ་བསྐུལ་འདེད”དང“བོད་ཀྱི་བཙུན་པ་རྒྱལ་མཚན་ནོར་བུའི་གོ་སྐབས”གཉིས་ཡིན། ལས་རྒྱུ་འབྲས་ཀྱི་སྐད་ཆ་ཞིག་བཤད་ན། རྒྱ་ནག་དམར་ཤོག་གཞུང་གིས་ངོས་འཛིན་བྱས་པའི་པཎ་ཆེན་སྤྲུལ་སྐུ་ཁོང་སྐུ་སྒེར་ལ་ཉེས་པ་སྤུ་ཙམ་མེད་པར་མ་ཟད། ལས་དབང་གི་རྩེད་ཆས་སུ་གྱུར་བར་ངོས་འཛིན་བྱས་ཆོག དེ་བས། རྩོམ་ཡིག་ནང་གི་དོན་ཚན་དང་པོར༧ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གི་གསོལ་ཅོག་སྟེང་ལྷག་པའི་འཛད་འཆར་སྤྱི་དང་སྒོས་སུ་དུས་རབས་ཉི་ཤུ་བའི་ལོ་རབས་བརྒྱད་ཅུའི་ནང་རྒྱ་ནག་དམར་ཤོག་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚན་ཆུང་གྲོས་མོལ་སྟེང་དུ་ཡོངས་གྲགས་སུ་བཏོན་པའི“བོད་ཁུལ་རང་སྐྱོང”ནི་ཁྲིམས་མཐུན་ལུགས་མཐུན་ཞིག་ཡིན་པའི་དགོས་འདུན་གྱི་རྒྱབ་ལྗོངས་དང་བཅས་པར་གསལ་འདེབས་བྱས་ཡོད། གཉིས་པའི་ནང་དུ༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་བཟང་བཙོན་ལས་སྐྱོབ་པའི་ནུས་པ་བོད་མིའི་ཁྲོད་དུ་བཙུན་པ་རྒྱལ་མཚན་ནོར་བུ་མཆོག་ལས་ལྷག་ཅིག་མེད་པས། དོན་དག་དེ་ལེགས་འགྲུབ་བྱུང་བ་ཡིན་ན་ཁོང་ལ་བོད་དང་རྒྱལ་སྤྱི་གཉིས་ནས་བརྩི་བཀུར་བླ་ན་མེད་པ་ཐོབ་ཀྱི་ཡིན་པར་མ་ཟད། མཚན་སྙན༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ལས་ཆེས་ཆེར་བརྒལ་ངེས་ཡིན་པས། ཐབས་ལམ་འདི་བེད་སྤྱོད་གཏོང་རིན་ཡོད་པ་དང་ཆེས་བཟང་བོའི་མཐའ་མའི་འབབ་སའང་ཡིན་སྲིད་ཅེས་བྲིས་ཡོད།

རྩོམ་ཡིག་དེ་རྒྱ་ཡིག་ནང་སྤེལ་ནས་ཕལ་ཆེར་ལོ་གསུམ་འགོར་འདུག་ནའང་། དེང་ཕྱིན་རྒྱ་ནག་དམར་ཤོག་གཞུང་ལ་འགྱུར་བ་ཞིག་ཕྱིན་ན་མ་གཏོགས་ཕྲན་གྱི་བློ་ངོར་ད་དུང༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པའི་མ་འོངས་ལས་དབང་ལ་ཕན་ཐོགས་མཁན༧པཎ་ཆེན་ཁྲི་ཚབ་ཁོང་ལས་ལྷག་ཅིག་མཐོང་གི་མི་འདུག མི་ཚོས་ཕྲན་གྱི་བསམ་ཚུལ་འདིའང་རྒྱན་པོ་འགྱེད་ཆུང་ཆུང་ཞིག་རེད་ཟེར་སྲིད་མོད། དེང་སྐབས་ངྷ་རམ་ས་ལས་འཛུགས་ཀྱིན་པའི་རྒྱན་པོ་འགྱེད་ལྟ་བུའི་ཆོས་ལས་ཡུལ་དང་རིགས་མི་གཙོ་བའི་བྱ་བཏང་གི་ས་ཆོད་དང་སྤོབས་པས་འདང་ཡོད་པ་མ་རེད་ཞུ་རྒྱུ་ཡིན།

ཟླ་དེབ་གྲགས་ཆེན<<བརྒལ་བརྟག>>སྟེང་དུ་བཀོད་པའི་རྩོམ་ཡིག་དང་དུས་དེབ་ཀྱི་ཟུར་ངོས།

དྲི་བ། རྒྱ་ནག་གཞུང་གིས་བོད་ཀྱི་བླ་སྤྲུལ་དགེ་བཤེས་རྣམས་ཆབ་སྲིད་ལག་ཆར་བེད་སྤྱོད་བྱས་པའི་ལོ་རྒྱུས་རྒྱུན་ཆད་མེད་པ་དང་། དེ་ཡིས་རྒྱ་ནག་དམར་ཤོག་ཚོགས་པའི་དམིགས་ཡུལ་ག་ཚོད་ཅིག་འགྲུབ་ཐུབ་ཀྱི་ཡོད་པ་རེད། 

ལན། དེང་སྐབས་རྒྱ་ནག་དམར་ཤོག་གཞུང་གིས་བོད་ལ་ཁྱོན་ཡོངས་ནས་དབང་བསྒྱུར་བྱེད་ཀྱིན་པས།  བླ་སྤྲུལ་དང་མཁན་པོ། དགེ་བཤེས་སུ་ཞིག་ཡིན་ནའང་ཆབ་སྲིད་ཀྱི་ལག་ཆའི་རིན་ཐང་ཆེར་ཡོད་པ་མ་རེད། རྒྱུ་མཚན་ནི་བོད་མི་དམངས་ཀྱི་གོ་རྟོགས་གཉའ་གནོན་གྱི་འོག་ཏུ་སད་ཟིན་ཡོད་པས། བླ་སྤྲུལ་གང་རུང་ཞིག་གིས་རྒྱ་ནག་དམར་ཤོག་གཞུང་ཡག་པོ་ཡོད་པ་རེད་ཅེས་མང་ཚོགས་ཁྲོད་ལབ་པའི་དབང་དུ་བཏང་ནའང་། ངོ་བལྟས་ནས་གུས་ཚུལ་སྟོན་མཁན་ཡོང་སྲིད་མོད། ཁ་ཕར་ལ་འཁོར་རྗེས་ཁོང་དགོད་བྱེད་ངེས་ཡིན། ཕྱོགས་འདི་ཧ་ཅང་གི་གསལ་བོ་རེད།

ཕྱོགས་གཞན་གཅིག་ནས་བླ་སྤྲུལ་བཀོལ་ནས་ཆོས་ལུགས་ཕན་ཚུན་དང་གྲུབ་མཐའ་ཕན་ཚུན་བར་ནང་ཟིང་སློང་མི་སྲིད་པ་མིན། དཔེར་ན། རྒྱ་ནག་དམར་ཤོག་གཞུང་འདི་མིའི་ཚོར་བ་བེད་སྤྱོད་གཏོང་བར་ཤིན་ཏུ་མཁས་པས། དངུལ་དངོས་དང་ངོ་བསྟོད་ཀྱིས་བསླུས་ཏེ་བླ་སྤྲུལ་ཚོའི་ཞལ་ནས་བོད་བརྒྱུད་སངས་རྒྱས་ཆོས་ལུགས་གཅིག་པུ་ལས་ཆོས་ལུགས་གཞན་དག་གཟུགས་བརྙན་ཡིན་ཟེར་བ་འདྲ་བོ། ཡང་ན། གྲུབ་མཐའ་ག་གེ་མོ་ལས་གཞན་དག་ཉི་ཚེ་བ་ཡིན་ཟེར་བ་འདྲ་བོ་ཐོན་དུ་འཇུག་སྲིད། གལ་སྲིད་དེ་ལྟར་ལབ་པ་ཡིན་ན་མཇུག་འབྲས་ཅི་ཡོང་བླ་སྤྲུལ་ནང་ཁུལ་ནས་ཕན་ཚུན་བར་གོ་བརྡ་སྤྲོད་རེས་བྱེད་པའི་དུས་ལ་བབབ་ཡོད།  མང་ཚོགས་དཀྱུས་མ་ཕྲན་ལྟ་བུ་ཚོས་སྙན་བསྐུལ་མང་བོ་ཕུལ་བའི་དབང་དུ་བཏང་ན་ཡང་ཉན་མཁན་རག་མི་སྲིད།   རྒྱུ་མཚན་ནི་བླ་སྤྲུལ་ཁག་ཅིག་གི་སེམས་ནང་དུ“ཐམས་ཅད་མཁྱེན་པ”ཟེར་བའི་མཚན་གནས་དེར་གནོད་མི་ཡོང་ངམ་སྙམ་པའི་དངངས་སྐྲག་ཅིག་ཡོད་པར་ཐུག་ཡོད། འདི་སྐད་ཆ་དྲང་མོ་ཡིན། དགག་པ་རྒྱག་གི་མེད།

མ་གཞི་སེར་མོ་བའི་སྡེ་ནས་ལོ་ངོ་སྟོང་ཕྲག་ལྷག་གི་རིང“བདག་མེད”ཀྱི་ལྟ་གྲུབ་ཅིག་རིགས་ལམ་ལ་བརྟེན་ཏེ་བརྒྱུད་འཛིན་གནང་ནས་ཡོང་ཡོད་པས།  སྐབས་འདི་འདྲར“བདག་འཛིན”གྱི་དབང་དུ་སོང་བ་ཡིན་ན་ཤེས་ཡོན་གཉིས་ལྡན་གྱི་ཕྱི་མི་དད་ལྡན་པ་ཁྲི་ཕྲག་མང་བོ“བོད་བརྒྱུད་སངས་རྒྱས་ཆོས་ལུགས”ལ་སློབ་གཉེར་བྱས་ཀྱང་དོན་སྙིང་མི་འདུག་ཅེས་པའི་གོ་ལོག་འོག་ཚུད་དེ་ཁ་གྱེས་མི་སྲིད་པའང་མིན། སྐབས་དེ་འདྲ་ཞིག་ལ་འཕྲད་པ་ཡིན་ན་བཤད་ཚུལ་ཞིག་ཏུ“རི་བོང་ཡང་ཤོར། སྡོམ་པའང་ཤོར”ཟེར་བའི་དཔེ་དེ་ཆགས་ཡོད་སྟབས། དད་ལྡན་མང་ཚོགས་ལག་པའི་ནང་གི་དཀར་ཡོལ་སྐྱོར་སྟངས་ལྟར་མི་བྱེད་པའི་བླ་སྤྲུལ་བློ་ཁོག་ཅན་ཡང་ཕལ་ཆེར་ཡོད་ཀྱི་མ་རེད་འདོད།  ཡིན་ནའང་། དེང་སྐབས“རྒྱ་བླ” དང“ཕྱི་བླ”ཞེས་ཕྱི་ནང་གི་བླ་སྤྲུལ་ཚོར་དབྱེ་འབྱེད་བྱེད་སྟངས་འདི་བླ་སྤྲུལ་ཕན་ཚུན་བར་ཕྲག་དོག་གིས་བཟོ་བཞིན་ཡོད་ན་འདྲ། ཡང་ན། རྒྱ་ནག་དམར་ཤོག་གཞུང་གི་ཇུས་འགོད་འོག་བྱུང་གིན་པ་གང་ཡིན་ཡང་བོད་པ་ནང་ཁུལ་གཏོར་བྱེད་ཀྱི་བྱ་སྤྱོད་ཚབས་ཆེན་ཞིག་རེད།  དོན་དག་འདི་ལ་བོད་ཕྱི་ནང་གཉིས་ནས་དོ་སྣང་ཤུགས་ཆེན་བྱེད་དགོས་པར་འདོད།

དྲི་བ། དུས་རབས་ཉེར་གཅིག་པའི་མགོ་སྟོད་འདིར་བོད་ཀྱི་སྤྲུལ་སྐུའི་ལམ་ལུགས་སྔར་བཞིན་རྒྱུན་སྐྱོང་བྱས་ཏེ་གྲངས་འབོར་ཆེན་པོ་ཆགས་ཡོད་ཀྱང་། སྤྱི་ཚོགས་ཁྱོན་ཡོངས་ནས་མཐོང་དང་ཆ་འཇོག་སོགས་ཉམས་རྒུད་དུ་འགྲོ་བཞིན་པའི་རྣམ་པ་ཞིག་ཕྱོགས་གང་ཐད་ནས་མངོན་ཡོང་གི་ཡོད་པའི་སྐབས་འདིར། བོད་ཀྱི་སྤྲུལ་སྐུའི་ལམ་ལུགས་ལ་དུས་ཀྱི་དགོས་མཁོ་དང་འཚམ་པའི་བསྒྱུར་བཅོས་ཤིག་དགོས་པ་མཐོང་གི་འདུག་གམ།

ལན། ཕྲན་གྱིས་ནམ་རྒྱུན་སྐད་ཆ་གཅིག་བཤད་ཀྱིན་ཡོད།  དོན་དག་འདི་དེང་རབས་བླ་སྤྲུལ་གཅིག་པུའི་སྐྱོན་ཆ་མ་རེད་ལ། མང་ཚོགས་ལ་དེ་ལས་ཀྱང་གཞོལ་དུ་མེད་པའི་འགན་ཆེན་པོ་ཡོད་པ་རེད།  རྒྱུ་མཚན་ནི་རྒྱུ་དངོས་ཁ་མེད་སྣ་མེད་ཕུལ་ནས་བླ་སྤྲུལ་ཚོ་དགུང་ལོ་ཆུང་ཆུང་བསམ་མེད་ཡིན་དུས་ནས་སྐྱག་ལངས་ལ་གཏོང་མཁན་ངོ་མ་མང་ཚོགས་རེད། མང་ཚོགས་ཀྱང་དད་དྲགས་ནས་དེ་ལྟར་གནང་བ་ཡིན་མིན་བཤད་ཁག་པོ་རེད་དེ་དོན་ལ་སངས་རྒྱས་ཆོས་ལུགས་ཀྱི་དགོངས་དོན་དངོས་སམ། བླ་སྤྲུལ་འདུ་བའི་དགེ་འདུན་པའི་སྡེ་འདི་དགེ་བའི་ལམ་སྟོན་མཁན་ཡིན་པ་ལས་སྡིག་པ་ཕྱག་གིས་ཕྱིས་ནས་སྐྱོབ་མཁན་མ་ཡིན་པར་གོ་བ་ལོན་ཡོད་པ་མ་རེད། ས་ཁུལ་མང་བོའི་བླ་སྤྲུལ་མང་ཆེ་བས་ཀྱང་དཀོར་བཞེས་ཤེས་པ་ལས་ཐབས་སྟོན་ནུས་པའི་སློབ་གཉེར་གནང་ཐུབ་མི་འདུག་འདོད།

གལ་ཏེ་སྣང་ཚུལ་འདིར་བསྒྱུར་བཅོས་གཏོང་དགོས་ན་སྤྲུལ་སྐུའི་ལམ་ལུགས་གཅིག་པུ་མ་ཡིན་པར་ཁྱོན་ཡོངས་སམ་མང་ཚོགས་ཁྲོད་ཆོས་ཀྱི་གོ་རྟོགས་སྤེལ་དགོས་ཀྱི་རེད་འདོད། དཔེར་ན། ག་ལེར་བླ་སྤྲུལ་ཡོངས་རྫོགས་དགེ་བཤེས་ཀྱི་རིམ་པར་སླེབས་པ་དང་མང་ཚོགས་ཡོངས་ལ་ཆོས་ཀྱི་གོ་རྟོགས་ཡོད་མཁན་དུ་གྱུར་རྗེས་གཉིས་ཕན་ངོ་མ་ཞིག་ཡོང་ཐུབ་ངེས།  ཡིན་ནའང་། དེང་སྐབས་མང་ཚོགས་ཁྲོད་དར་བཞིན་པའི་བསྡུས་གྲྭ་རྩོད་ཀྱིན་པ་གཅིག་པུས་ཆོས་ལ་གོ་བ་ཡོང་མི་ཐུབ་ལ། ངེས་པར་དུ་ཕྱི་རྒྱལ་གྱི་སྐད་ཡིག་ནང་ཆོས་ཁྲིད་ཀྱིན་པ་ལྟར་གོ་སླ་བའི་ལམ་ནས་མང་ཚོགས་ལ་འགྲེལ་བཤད་རྒྱག་དགོས། དེ་བཞིན་དུ་གོང་ནས་དྲིས་ལན་ཞིག་ཏུ་ཞུས་ཟིན་པ་ལྟར། བླ་སྤྲུལ་ཡོངས་ཀྱིས་མ་འོངས་པར་འཛམ་གླིང་སྟེང་གི་སྤྱི་ཚོགས་འདྲ་མིན་ལ་ཁ་གཏད་དགོས་པས། བསམ་བློར་སློབ་སྟོན་གྱི་ལས་འགན་ཧ་ཅང་གི་ལྕི་མོ་ཡོད་པ་རེད། ཡིན་ནའང་། བོད་ཀྱི་གཏམ་དཔེར། “ཤྭ་ཤོད་ལ་འཕབ་པའི་ཁྱི་དགོས། ཁྱི་ལམ་ལ་འཇུག་པའི་མི་དགོས”ཞེས་རྔོན་ལས་ཉམས་མྱོང་སྟེང་གི་ལེགས་འགྲུབ་ཡོང་མིན་གྱི་འབབ་ས་གཙོ་བོ་ནི་རྔོན་ཁྱི་ལ་སྦྱོང་བརྡར་ཡག་པོ་སྤྲོད་ཐུབ་ཡོད་མེད་དེ་ཡིན་པ་ལྟར་བསྒྱུར་བཅོས་འདི་འདྲ་ཞིག་འགན་ལ་ལེན་མཁན་དང་དེ་ལ་གཞོགས་འདེགས་བྱེད་མཁན་མ་བྱུང་ཚེ་བླ་དམངས་གཉིས་ཀྱི་གོ་རྟོགས་སད་དུ་འཇུག་ཧ་ཅང་གི་དཀའ་མོ་ཆགས་ཡོད།

དེང་གི་སྤྱི་ཚོགས་ཀྱི་ཆ་ནས་བླ་སྤྲུལ་དང་མང་ཚོགས་ཀྱི་བར་ཐག་གོང་དུ་གསར་འགོད་པས་གསུངས་པ་ལྟར་ཇེ་རིང་ནས་ཇེ་རིང་ལ་སོང་བ་ཡིན་ན། ནམ་ཞིག་དེང་སྐབས་བོད་ནང་གི་ཡུལ་ལུང་ཁག་ཅིག་ཏུ་དགེ་རྒན་སློབ་ཁྲིད་ཡག་པོ་མི་བྱེད་མཁན་ཁག་ཅིག་གི་ཉེར་ལེན་ལ་བརྟེན་ནས་གཞི་རིམ་དགེ་རྒན་ཚོར་མཐོང་ཆུང་བྱེད་ཀྱིན་ཡོད།  དཔེར་ན། “མི་དེ་ལས་བྱེད་ཅིག་མ་རེད། དགེ་རྒན་ཞིག་རེད”ཟེར་བ་རེད་ཅེས་པའི་དགོད་གཏམ་ཞིག་ཡོད་པའི་རྗེས་སུ་བླ་སྤྲུལ་ཚོ་འགྲོ་མི་སྲིད་པའང་མིན། འོ་ན། ཇི་ལྟར་བྱེད་འོས་སམ་ཟེར་ན། “དབང་རྟུལ་དད་པའི་རྗེས་འབྲངས། དབང་རྣོན་རིགས་པའི་རྗེས་འབྲངས”ཟེར་བ་ལྟར་རང་ཉིད་རང་གི་མགོན་ཡིན་སྟབས་བླ་སྤྲུལ་ལམ་ལུགས་ལ་བཅོས་བསྒྱུར་བྱེད་མཁན་ཡང་བླ་སྤྲུལ་ལྷན་རྒྱས་ལས་གཞན་སུ་དང་གང་གིས་ཀྱང་བསྒུལ་མི་ཐུབ། ཐ་ན་མའོ་ཙེ་ཏུང་གིས་ཀྱང་བླ་སྤྲུལ་མེད་པར་བཏང་བར་ལམ་འགྲོ་བྱུང་ཐུབ་ཡོད་པ་མ་རེད། དེ་ལྟར་ལྟ་སྐབས། བླ་སྤྲུལ་ལམ་ལུགས་ཀྱི་བསྒྱུར་བཅོས་དུས་སུ་བབས་ཡོད་མེད་ཟེར་བའང་བླ་སྤྲུལ་ལྷན་རྒྱས་ཀྱི་མིག་རྒྱང་ག་ཚད་ཅིག་ལ་སླེབས་ཡོད་མེད་དང་རང་ལས་གཞན་གཅེས་ཀྱི་བྱམས་སེམས་རིམ་པ་གང་ཞིག་ལ་སླེབས་ཡོད་མེད་ཀྱིས་ཐག་གཅོད་བྱེད་ངེས་ཡིན།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༥/༣༠

Leave a Reply

6 thoughts on “༧པཎ་ཆེན་རིན་པོ་ཆེ་མཆོག་བཙོན་ལས་སྐྱོབ་པར་རྒྱལ་མཚན་ནོར་བུ་ལས་ལྷག་ཅིག་མེད།

  1. ཆོས་ཟུར་རིན་ཆེན་དོན་གྲུབ།

    ལམ་སྟོན་དང་ཤ་ཚའི་བསླབ་བྱ་བཟང་པོ་ཟེར་ན། འདི་འདྲ་ཞིག་ལ་མ་ཟེར་རང་ཟེར་རེད་འདུག་གོ བཀའ་དྲིན་ཆེ།

  2. གཞུང་པ་ཚེ་དབང་བསོད་ནམས་་

    ཀློག་རིམ་བཞིན་དུ་གོ་རྟོགས་མང་དུ་མང་དང་གོ་རྟོགས་རྒྱུད་ནས་དོན་དངོས་ཤེས་ཐུབ་བཅས་ཕོ་རྒོད་ཁྱེད་ལ་སླར་ཡང་བཀྲིན་ཆེ་།