རྒྱ་ནག་མཚོ་མཚམས་ལས་བརྒལ་ན་དམག་འཁྲུག་རྒྱུ་ཡིན།

ཧྥི་ལི་པིན་གཞུང་མང་གཉིས་ཀྱིས་རྩོད་རྙོག་ཅན་གྱི་ལྷོ་རྒྱ་ནག་རྒྱ་མཚོའི་ཁུལ་ནས་རྒྱ་གཞུང་གིས་གཏེར་རིགས་སྔོག་འདོན་བྱེད་བཞིན་པར་ངོ་རྒོལ་གྱིས་དྲག་པོའི་རྒོལ་ལན་སློག་རྒྱུ་ཡིན་ལུགས་བསྒྲགས།

ཁ་སང་ཨེ་ཤ་ཡའི་ལྷོ་ཤར་རྒྱལ་ཁབ་ཧྥི་ལི་པིན་ཕྱི་སྲིད་ལྷན་ཁང་གིས། རྒྱ་ནག་ཆུའི་དངོས་གཏེར་རིགས་ཀྱི་བདག་དབང་སྤྱི་དང་བྱེ་བྲག་ཏུ་ལྷོ་རྒྱ་ནག་རྒྱ་མཚོའི་ཆུ་མཚམས་དམར་ཐིག་ཅེས་པའི་གྲོས་ཆོད་ལས་བརྒལ་ཏེ། སྣུམ་དང་རླངས་རྫས་ཀྱི་གཏེར་ཁ་བསྔོག་འདོན་བྱེད་ཀྱི་ཡོད་པ་དེ་ངོས་ལེན་བྱ་ཐབས་བྲལ་བར་བརྟེན་རྒྱ་ནག་ལ་དམག་འཁྲུག་རྒྱག་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད་འདུག

ཧྥི་ལི་པིན་གྱི་ཕྱི་སྲིད་དྲུང་ཆེ་ཨ་ལན་ཕེ་ཊར་(Alan Peter Cayetano)ཞེས་པ་ཡིས། ང་ཚོས་རྒྱ་ནག་དང་ལྷན་དུ་གྲོས་མོས་བྱུང་བ་ནི་རྩོད་རྙོག་ཅན་གྱི་མཚོ་ཁུལ་ནས་ཕྱོགས་གཉིས་མོས་མཐུན་ཡོད་པའི་ཐོག་ནས་སྣུམ་དང་རླངས་རྫས་ལེན་ཆོག་གི་ཡོད་པ་དེ་ཡིན་པ་མ་གཏོགས། རྒྱལ་ཁབ་སུ་ཞིག་གིས་ཀྱང་གང་འདོད་ལ་གཏེར་རིགས་ལེན་ཆོག་གི་མེད་སྟབས། སྲིད་འཛིན་ཌོའི་ཊར་ཊི་(Rodrigo Duterte)ལགས་ཀྱིས་གལ་སྲིད་ནུབ་ཧྥི་ལི་པིན་མཚོ་དང་ལྷོ་རྒྱ་ནག་རྒྱ་མཚོའི་ཆུ་མཚམས་ནས་སུ་ཞིག་གིས་གཏེར་རིགས་བསྔོག་འདོན་བྱས་ཚེ་ཁོས་དམག་འཁྲུག་རྒྱུ་ཡིན་པ་ཡོངས་བསྒྲགས་བྱས་ཡོད་པ་རེད། ཅེས་བརྗོད་འདུག

 རྒྱ་ནག་གིས་ཉེ་སྔོན་ལྷོ་རྒྱ་ནག་རྒྱ་མཚོའི་ནང་རྒྱལ་སྲུང་མ་ལག་གི་མཚོན་ཆ་བཞག་སྟེ་རྩོད་རྙོག་ཆེ་བའི་མཚོ་མཚམས་ཁག་ནས་གང་བྱུང་གཏེར་ཁ་བསྔོག་འདོན་བྱེད་ཀྱི་ཡོད་པར་བརྟེན། ཧྥི་ལི་པིན་གཞུང་འཛིན་ཁ་གཏད་ཚོགས་པ་དང་མི་མང་གིས་གཞུང་ལ་སྐྱོན་བརྗོད་བྱས་ཏེ་རྒྱ་ནག་གི་རང་སྣང་གང་དྲན་གྱི་བྱ་སྤྱོད་ལ་རྒོལ་ལན་སློག་དགོས་པའི་སྐད་འབོད་རྒྱག་གི་ཡོད་འདུག

རྒྱལ་སྤྱིའི་བརྒྱུད་ལམ་ཁག་གི་གནས་ཚུལ་ལྟར་ན། འདས་པའི་ལོ་གཉིས་མ་ཟིན་ཙམ་གྱི་སྔོན་ལ་ཧྥི་ལི་པིན་གྱི་སྲིད་འཛིན་ཌོའོ་ཊར་གྱིས་རྒྱལ་སྲིད་འཛིན་སྐབས། ཁོས་རྒྱལ་ཁབ་ཀྱི་ཕྱི་འབྲེལ་སྲིད་བྱུས་གསར་པ་ཞིག་བཟོས་ཏེ་ཡུན་རིང་ཧྥི་ལི་པིན་གྱི་མཐུན་གྲོགས་སུ་གྱུར་བའི་ཨ་རི་ལས་ཁ་ཐག་ཇེ་རིང་དུ་བཏང་སྟེ། པེ་ཅིན་དང་འབྲེལ་ལམ་བསྐྱར་འཛུགས་ཀྱིས་རྒྱ་ནག་དང་ལྷན་དུ་ཚོང་འབྲེལ་དང་མ་འཇོག དེ་བཞིན་འཛུགས་སྐྲུན་སོགས་ཀྱི་རྒྱབ་སྐྱོར་ཐོབ་ཐབས་བྱས་ཡོད་སྟབས། ཌོའོ་ཊར་སྲིད་འཛིན་ཆགས་རྗེས་ཧྥི་ལི་པིན་དང་རྒྱ་ནག་བར་རྩོད་རྙོག་ཕྲན་བུ་རེ་བྱུང་ཡོད་ཀྱང་ད་རེས་ནང་བཞིན་དམག་འཁྲུག་རྒྱག་རྒྱུ་ཡིན་པ་སོགས་ཀྱི་གནས་ཚད་ལ་སླེབས་མྱོང་མེད་པ་རེད།

ཕྱི་ལོ་ ༢༠༡༣ དང་ ༢༠༡༥ སོགས་སུ་རྒྱ་ནག་དང་ཧྥི་ལི་པིན་གཉིས་བར་ལྷོ་རྒྱ་ནག་རྒྱ་མཚོའི་བདག་དབང་རྩོད་རྙོག་གི་རྐྱེན་པས་འབྲེལ་ལམ་ཇེ་སྡུག་ཏུ་ཕྱིན་ཡོད་པ་དང་།  རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་མིས་བཟོས་གླིང་ཕྲན་བཙུགས་ཏེ་མཚོ་གླིང་དེ་རྒྱ་ནག་གི་ཡིན་པ་སྒྲུབ་ཀྱི་ཡོད་པ་དང་། ཧྥི་ལི་པིན་གྱིས་མཚོ་ཁུལ་དེ་དག་ལ་མཁའ་དམག་དང་མཚོ་དམག་བཏང་སྟེ་མཚོ་ཁུལ་གྱི་བདག་དབང་ཧྥི་ལི་པིན་རང་ལ་ཡོད་ལུགས་གསལ་འདོན་བྱས་ཏེ། ཧྥི་ལི་པིན་གྱི་མཚོ་དམག་གྲུ་གཟིེངས་ཤིག་མཚོ་ཁུལ་དེར་མུ་མཐུད་བསྡད་ཡོད་འདུག

ཧྥི་ལི་པིན་གཞུང་འཛིན་ཚོགས་པར་སྐྱོན་བརྗོད་བྱེད་མཁན་ཚོས། སྲིད་འཛིན་ཌོའོ་ཊར་གྱིས་ཝི་ཏི་ནམ་དང་མ་ལི་ཞི་ཡ། ཐའེ་ཝན་དང་བྷི་རོ་ནེ་བཅས་ཀྱི་བདག་དབང་རྩོད་ཀྱི་ཡོད་པའི་ལྷོ་རྒྱ་ནག་རྒྱ་མཚོའི་ནང་རྒྱ་ནག་ལ་སྣུམ་དང་རླངས་རྫས་སོགས་ཀྱི་གཏེར་རིགས་བསྔོག་འདོན་བྱེད་པའི་གདེང་སྤོབས་སྤྲད་ཡོད་པ་རེད་ཅེས་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་རེད།

ལྷོ་རྒྱ་ནག་རྒྱ་མཚོ་ལ་ཁྱབ་ཚད་ཁྱོན་ཀེ་ལོ་མེ་ཊར་གྲུ་བཞི་མ་ས་ཡ་ ༣།༥ ཡོད་པ་དང་། འཛམ་གླིང་གི་མཚོ་གྲུའི་བརྒྱ་ཆ་གསུམ་ལས་ ༡ མཚོ་ཁུལ་དེ་བརྒྱུད་ནས་ཚོང་འབྲེལ་གཙོས་རྒྱལ་ཁབ་ཕན་ཚུན་བར་གྱི་འབྲེལ་ལམ་མཐུད་ཀྱི་ཡོད་པ་རེད། མཚོ་ཁུལ་དེའི་བདག་དབང་རྩོད་མཁན་རྒྱ་ནག་དང་ཝི་ཏི་ནམ། དེ་བཞིན་ཐའེ་ཝན་དང་ཧྥི་ལི་པིན། བྷི་རོ་ནེ། མ་ལི་ཞེ་ཡ་བཅས་ཁྱོན་རྒྱལ་ཁབ་ཁག་ ༦ ཡོད་པ་དང་། ལྷོ་རྒྱ་ནག་རྒྱ་མཚོའི་ཁུལ་ནས་ལོ་རེར་རྒྱལ་སྤྱིའི་ཚོང་འབྲེལ་གྱི་རིན་འབབ་ཨ་སྒོར་ཁྲག་ཁྲིག་ ༥ ཙམ་གྱི་ཚོང་རྫས་སྐྱེལ་འདྲེན་བྱེད་ཀྱི་ཡོད་སྟབས། མཚོ་དེ་རྒྱལ་སྤྱི་རང་བཞིན་གྱི་མཚོ་ཞིག་ཏུ་བསྒྱུར་བར་རྩོད་ལེན་བྱེད་མཁན་ཨ་རི་གཙོའི་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་དང་། ཨོ་སི་ཊོ་ལི་ཡ། རྒྱ་གར། ཨིན་རྡུ་ནེ་ཞི་ཡ། དེ་བཞིན་ཉི་ཧོང་དང་ལྷོ་ཀོ་རི་ཡ། སེང་གྷ་པོར་བཅས་རྒྱལ་ཁབ་ཁག་མང་པོ་ཞིག་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༨/༠༥/༣༠

Leave a Reply