འཛམ་གླིང་གི་བྱིས་པའི་ཕྱེད་ཀ་ཉེན་ཁའི་ནང་ལྷུང་ཡོད།

སྐར་ཆ་བདུན་རེའི་ནང་འཛམ་གླིང་ཐོག་གི་ལོ་ན་ ༡༥ མ་ལོན་པའི་བུ་མོ་གཅིག་རེར་བཙན་གྱིས་གཉེན་སྒྲིག་བྱེད་དུ་འཇུག་གི་ཡོད་པ་དང་བྱིས་པ་དྲུག་གི་ནང་ནས་གཅིག་རེ་ཤི་གསོན་གྱི་ཉེན་ཁ་འཕྲད་ཀྱི་འདུག་ཟེར།རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཁ་སང་རྒྱལ་སྤྱིའི་གཞུང་འབྲེལ་མ་ཡིན་པའི་བྱིས་པ་སྐྱོབ་རོགས་ཐེབས་རྩ་ཁང་(Save the Children)གིས་བྱིས་པའི་འཚོ་གནས་སྐོར་གྱི་ཞིབ་འཇུག་སྙན་ཐོ་ཞིག་བཏོན་ཏེ། རྒྱལ་ཁབ་ཁག་ ༡༧༥ ནང་བྱིས་པ་ག་ཚོད་ཅིག་ལ་འཆི་རྐྱེན་བྱུང་གི་ཡོད་པ་དང་། འཚོ་བཅུད་ཀྱིས་མ་འདང་བ་དང་སློབ་གསོའི་མཐུན་རྐྱེན་མེད་པ། དེ་བཞིན་བཙན་གྱིས་གཉེན་སྒྲིག་བྱེད་དུ་བཅུག་སྟེ་ཆུང་དུས་ནས་ཕ་མར་གྱུར་བ། ཡང་ན་ཆུང་དུས་ངལ་རྩོལ་དུ་བཀོལ་བ་སོགས་ཀྱི་གནས་སྟངས་བཅས་ལ་ཞིབ་འཇུག་གནང་སྟེ། འཛམ་གླིང་གི་བྱིས་པའི་འཚོ་གནས་ཡག་ཤོས་སེང་གྷ་པོར་(Sangapore)དང་སི་ལོ་ཝི་ནེ་ཡ་(Slovenia)གཉིས་ཨང་དང་པོ་དང་། གསུམ་པ་ནོར་ཝེ་དང་སི་ཝེ་ཌན། ལྔ་པ་ཧྥི་ལན་ཌི་བཅས་ཆགས་ཡོད་འདུག  བྱིས་པའི་འཚོ་གནས་སྡུག་ཤོས་དག་ལས་ཆེས་སྡུག་ཤོས་ནི་ནེ་གྷར་(Niger)དང་གཉིས་པ་མ་ལེ་(Mali)། གསུམ་པ་དབུས་ཨ་ཧྥི་རི་ཁ་སྤྱི་མཐུན་རྒྱལ་ཁབ་བཅས་ཡིན་འདུག

བྱིས་པའི་ཐེབས་རྩ་ཁང་དེའི་དབུས་སྤྱི་ཁྱབ་འགན་འཛིན་ལྕམ་ཧེ་ལེ་ཐོ་རོན་སིག་མེ་ཌིག་(Helle Thorning-Schmidt)ལགས་ཀྱིས། འཛམ་གླིང་གི་བྱིས་པ་ཕྱེད་ཀ་ལྷག་གི་འཚོ་གནས་ཉེན་ཁའི་ནང་ལྷུང་ཡོད། རྒྱུ་མཚན་ནི་ཁོ་ཚོ་བུ་མོ་ཡིན་པ་དང་། སྐྱོ་བོ་ཡིན་པ། དེ་བཞིན་གཡུལ་ས་ནས་འཚར་ལོངས་བྱུང་བ་སོགས་ཀྱིས་རེད། རྒྱལ་སྤྱིའི་སྲིད་གཞུང་ཁག་གིས་བྱིས་པ་ཚོར་མི་ཚེའི་མགོ་འཛུགས་ཡག་པོ་ཞིག་ཡོང་བར་ཐབས་ཤེས་ཡོད་རྒུ་འདོན་དགོས་ཀྱི་འདུག་ལ་བྱེད་ཐུབ་ངེས་ཡང་རེད། འོན་ཀྱང་། དོན་དངོས་ཐོག་རྒྱལ་ཁབ་གཉིས་ལ་ཡོང་འབབ་གཅིག་མཚུངས་ཡོད་ཀྱང་བྱིས་པའི་འཚོ་གནས་ཐོག་ཁྱད་པར་ཆེན་པོ་ཤོར་གྱི་ཡོད་པ་ནི། རྒྱལ་ཁབ་གཉིས་བར་གྱི་སྲིད་ཇུས་དང་རོགས་དངུལ། དེ་བཞིན་ཆབ་སྲིད་ཀྱི་དམིགས་ཡུལ་བཅས་ལ་ཁྱད་པར་ཆེན་པོ་ཤོར་བ་དེས་བསྟན་ཡོད། ཅེས་བརྗོད་ཡོད་པ་རེད།

ཡང་ཐེབས་རྩ་ཁང་དེའི་སྙན་ཐོའི་ནང་། འཛམ་གླིང་གི་བྱིས་པ་ཐེར་འབུམ་ ༡ ཆེས་དབུལ་ཕོངས་ཡིན་པའི་རྒྱལ་ཁབ་ཁག་ཏུ་གནས་སྡོད་བྱེད་ཀྱི་ཡོད་པ་དང་། བྱིས་པ་ས་ཡ་ ༢༤༠ ཙམ་ཞིག་འཐབ་འཁྲུག་གི་གནོད་སྐྱོན་ཐེབས་ཡུལ་རྒྱལ་ཁབ་ཁག་ཏུ་གནས་ཡོད་པ། དེ་བཞིན། བྱིས་པ་བུ་མོ་ས་ཡ་ ༥༧༥ ཙམ་རྒྱུན་པར་བུད་མེད་ལ་དབྱེ་འབྱེད་བྱེད་ཀྱིན་པའི་རྒྱལ་ཁབ་ཁག་ཏུ་གནས་སྡོད་བྱེད་ཀྱི་ཡོད་སྐོར་བརྗོད་འདུག

ཐེབས་རྩ་ཚོགས་པ་དེའི་མགྲིན་ཚབ་པས། བྱིས་པ་འབོར་ཆེན་འདི་འདྲ་ཞིག་ཉེན་ཁའི་ནང་ལྷུང་བ་དེས་ཁོ་ཚོ་སུ་ཡིན་པ་དང་ས་གནས་གང་དུ་གནས་སྡོད་བྱེད་ཀྱི་ཡོད་མེད་ལ་མ་ལྟོས་པར་ཁོ་ཚོའི་བྱིས་དུས་ཀྱི་ལང་ཚོ་དང་མ་འོངས་པའི་ཕུགས་བསམ་སོགས་གཏོར་བཅོམ་བྱེད་ཀྱི་ཡོད། ཅེས་བརྗོད་འདུག་ལ། འདི་ལོའི་ཕྱི་ཟླ་ ༢ པའི་ནང་བྱིས་པ་སྐྱོབ་རོགས་ཐེབས་རྩ་ཁང་དེས་སྙན་ཐོ་ཞིག་བཏོན་པའི་ནང་། ཆེས་ཉུང་མཐར་ཡང་འཛམ་གླིང་ནང་བྱིས་པ་ས་ཡ་ ༣༥༧ ལྷག་དང་། ཡང་ན་བྱིས་པ་དྲུག་གི་ནང་ནས་གཅིག་འཐབ་འཁྲུག་ཁྲོད་ཤི་གསོན་གྱི་ཉེན་ཁའི་ནང་ལྷུང་ཡོད་སྐོར་བསྒྲགས་ཡོད་པ་རེད།

སྤྱིར་བཏང་ལོ་སྔོན་མ་དང་བསྡུར་ན་ད་ལོར་གོ་ལ་ཧྲིལ་བོའི་གནས་སྟངས་ཇེ་ལེགས་སུ་སོང་ཡོད་ན་ཡང་། བྱིས་པའི་དཀའ་ངལ་གྱི་གནས་སྟངས་ལ་དཔག་པའི་འཛམ་གླིང་གི་གནས་བབ་འཕེལ་རྒྱས་སོང་བ་ཧ་ཅང་རྗེས་ལུས་ཡིན་འདུག ཐེབས་རྩ་ཁང་དེའི་ཞིབ་འཇུག་སྙན་ཐོ་ལྟར་ན། འཛམ་གླིང་གི་རྒྱལ་ཁབ་ ༡༧༥ ནང་ནས་རྒྱལ་ཁབ་ ༩༥ ཡི་བྱིས་པའི་གནས་སྟངས་དེ་སྔོན་དང་བསྡུར་ན་འཕེལ་རྒྱས་ཕྱིན་ཡོད་པ་དང་། རྒྱལ་ཁབ་ ༤༠ ནང་གི་བྱིས་པ་ཚོའི་འཚོ་བའི་གནས་སྟངས་ཇེ་སྡུག་ཏུ་ཕྱིན་ཡོད་འདུག

ཞིབ་འཇུག་སྙན་ཐོ་དེའི་ནང་རྒྱལ་སྤྱིའི་སྡིངས་ཆའི་སྟེང་དཔལ་འབྱོར་དང་དམག་ཤུགས་སོགས་ཀྱི་ཤུགས་རྐྱེན་ཆེ་བའི་རྒྱལ་ཁབ་ཁག་ཅིག་དམིགས་སུ་ཕྱིར་བཏོན་ཡོད་པའི་ནང་ཨ་རི་ནི་བྱིས་པའི་འཚོ་གནས་ཀྱི་གནས་བབ་ཨང་ ༣༦ དང་། རྒྱ་གར་ཨང་ ༣༧ ། རྒྱ་ནག་ཨང་ ༤༠ བཅས་ཆགས་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༨/༠༥/༣༡

Leave a Reply