རྩོམ་པ་པོ་པདྨ་རྒྱ་མཚོ་ལཊ་འཛིན་བཟུང་བྱས།

བོད་ནང་གི་གཞོན་སྐྱེས་རྩོམ་པ་པོ་པདྨ་རྒྱ་མཚོ་ལགས་ནུབ་བྱང་མི་རིགས་སློབ་ཆེན་ནང་ཟུར་སྦྱོང་དུ་ཡོད་སྐབས་རྒྱ་ནག་གཞུང་ཉེན་རྟོག་པས་གློ་བུར་དུ་བཙན་འཁྲིད་བྱས་ཏེ་གར་ཡོད་ཅི་བྱུང་མེད་པར་གྱུར་ཡོད་འདུག

ཉེ་སྔོན་ཕྱི་ཟླ་ ༥ ཚེས་༢༥ ཉིན་གྱི་ཞོགས་པར་རྨ་ཆུ་རྫོང་དབལ་བན་ནས་ཡིན་པའི་ན་གཞོན་རྩོམ་པ་པོ་པདྨ་རྒྱ་མཚོའམ། སྨྱུག་མིང་ལ་སོ་ལྟ་བ་ལགས་ལན་ཀྲུའུ་གྲོང་ཁྱེར་དུ་ཡོད་པའི་ནུབ་བྱང་མི་རིགས་སློབ་ཆེན་གྱི་སློབ་ཁུལ་གསར་པ་ནས་རྒྱ་གཞུང་ཉེན་རྟོག་པས་གློ་བུར་དུ་འཛིན་བཟུང་བཙན་འཁྲིད་བྱས་ཏེ། ད་ལྟའི་ཆར་ཁོང་གང་དུ་ཡོད་མེད་དང་གནས་སྟངས་ག་འདྲ་ཡིན་སོགས་གང་ཡང་གོ་ཐོས་མེད་པར་གྱུར་ཡོད་འདུག

འདི་གའི་གསར་འགོད་པར་ཆབ་སྲིད་བཙོན་ཟུར་ལྷ་ཆབ་སྤྱིན་པ་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ན་གཞོན་རྩོམ་པ་པོ་སོ་ལྟ་བ་ལགས་ཀྱིས་ལོ་ཤས་གོང་སོ་ལྟ་བའི་སྤྱི་སྟེགས་ཞེས་པའི་སྐད་འཕྲིན་འཕྲིན་སྟེགས་ཤིག་གཉེར་ནས་རྩོམ་ཡིག་འདྲ་མིན་སྤེལ་ཡོད་པ་དང་། ན་ནིང་ལོ་ནས་བཟུང་སྤྱི་སྟེགས་དེའི་ནང་ཆབ་སྲིད་དང་འབྲེལ་བའི་གནད་དོན་འདུག་ཅེས་རྒྱ་ནག་གཞུང་གིས་ཁོང་ལ་ཉེན་བརྡ་བཏང་སྟེ་རྟོག་ཞིབ་འོག་བཞག་ཡོད་འདུག

ཡང་གནས་ཚུལ་མཁོ་སྤྲོད་པས། ཁོང་འཛིན་བཟུང་བྱེད་མཁན་ཉེན་རྟོག་པ་གང་ནས་ཡིན་པ་དང་གང་དུ་འཁྲིད་ཡོད་མེད། ད་ལྟའི་ཆར་གནས་སྟངས་ག་འདྲ་ཡིན་སོགས་གང་ཡང་ཤེས་རྟོགས་མ་ཐུབ་པར་ལྷག་ཡོད་པ་དང་། ཁོང་འཛིན་བཟུང་བྱས་པའི་ཕྱི་ཉིན་དེར་གནས་ཚུལ་ཤེས་རྟོགས་བྱུང་ཡང་ཕྱི་ལ་བསྒྲག་པ་ཡིན་ན་ཁོང་ལ་གནོད་ཨེ་འགྲོ་བསམ་ནས་བསྒྲགས་མེད་ཀྱང་། ཁོང་གི་རོགས་པ་ཚོས་ད་ལྟ་མ་བསྒྲག་པ་ཡིན་ན་ཉེན་ཁ་དེ་ལས་ཆེ་བ་ཆགས་ཉེན་ཡོད་སྐོར་བརྗོད་བྱུང་བས། ཕྱི་ཕྱོགས་ཀྱི་གསར་འགྱུར་བརྒྱུད་ལམ་ལ་བསྒྲགས་པ་ཡིན། ཞེས་བརྗོད་བྱུང་།

ཁོང་གི་རོགས་པ་ཚོས་ཕྱི་ཚེས་ ༢༥ ཉིན་གྱི་ཕྱི་དྲོར་སྐད་འཕྲིན་བརྒྱུད་པདྨ་རྒྱ་མཚོ་ལགས་ལ་འབྲེལ་བྱེད་ཐུབ་ཡོད་ཀྱང་རྒྱུན་ལྡན་མིན་པ་དང་། ཕྱི་ཚེས་ ༢༦ ཉིན་གྱི་ཉིན་རྒྱབ་བོད་ནང་གི་ཆུ་ཚོད་ ༧ པའི་ཐོག་ཁོང་གི་སྐད་འཕྲིན་ཐོག་ཁོ་རང་གི་པར་ཞིག་བཏང་ཡོད་ཀྱང་དེ་ནས་བཟུང་གོ་མེད་ཚོར་མེད་དུ་གྱུར་ཡོད་འདུག

གདུགས་ཤུལ་པདྨ་རྒྱ་མཚོའམ་རྩོམ་པ་པོ་སོ་ལྟ་བ་ལགས་ནི་དགུང་ལོ་ ༣༥ ཡས་མས་ཤིག་ཡིན་ཞིང་།  ཁོང་གི་ཤུལ་དུ་ལོ་ན་༩༠ ཟིན་པའི་ཕ་རྒན་ཞིག་ཡོད་འདུག ཁོང་གིས་རྭ་རྒྱ་ཤེས་རིག་ནོར་བུའི་གླིང་དུ་སློབ་གཉེར་གནང་རྗེས། ཡུལ་ཤུལ་གྱི་སྒེར་གཉེར་སློབ་གྲྭ་ཞིག་ཏུ་དགེ་རྒན་གྱི་ཕྱག་ལས་གནང་ཡོད་པ་དང་། དབྱར་དགུན་གྱི་གུང་གསེང་སྐབས་སུ་ཕྱིར་ཕ་ཡུལ་དུ་ལོག་སྟེ་ཡིག་རྨོངས་བ་ཚོར་བོད་སྐད་ཡིག་སློབ་འཁྲིད་གནང་ཡོད་འདུག ཁོང་གིས་དེ་སྔོན་སྙན་ངག་མང་པོ་བྲིས་ཡོད་པ་མ་ཟད། བོད་ཀྱི་རྩོམ་རིག་དྲ་བ་དང་སྤྱི་ཚོགས་དྲ་ལམ་སོགས་སུ་སྤྱི་ཚོགས་དཔྱད་བརྗོད་ཀྱི་རྩོམ་ཡིག་མང་པོ་སྤེལ་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༦/༠༤

Leave a Reply

One thought on “རྩོམ་པ་པོ་པདྨ་རྒྱ་མཚོ་ལཊ་འཛིན་བཟུང་བྱས།

  1. གཞུང་པ་ཚེ་དབང་བསོད་ནམས་།

    སྨྲ་བརྗོད་རང་དབང་རྒྱལ་སྤྱིའི་ཁྲིམས་ཀྱི་བསྟན་།
    ཚད་བཀག་བྱེད་པ་གུང་ཁྲམ་དམར་པོའི་ཁྲིམས་།
    རང་དབང་མང་གཙོའི་སྤྱི་ཚོགས་ཆེན་པོའི་ནང་།
    རང་རང་བསམ་ཚུལ་གླེང་སའི་རྒྱུད་ལམ་མང་།