ངོ་དེབ་ཀྱིས་ངོ་དེབ་བེད་སྤྱོད་བྱེད་མཁན་ལྐོག་ཚོང་བྱེད་ཀྱི་འདུག་ཟེར།

ངོ་དེབ་ཀྱིས་རྒྱ་ནག་གི་ཁ་པར་བཟོ་གྲྭ་ཆེ་གྲས་ ༤ གཙོ་བོར་གྱུར་བའི་འཛམ་གླིང་གི་ཁ་པར་བཟོ་གྲྭ་ ༦༠ ལྷག་ལ་ངོ་དེབ་བེད་སྤྱོད་པ་སྒེར་གྱི་གནས་ཚུལ་མཁོ་སྤྲོད་བྱས་པ་ངོས་ལེན་བྱས།

ཉེ་སྔོན་ངོ་དེབ་ཀྱིས་ངོ་དེབ་སྤྱོད་པ་སྒེར་གྱི་གནས་ཚུལ་རྣམས་རྒྱ་ནག་གི་ཁ་པར་བཟོ་གྲྭ་ཆེ་གྲས་ཁག་ཅིག་གཙོ་བོར་གྱུར་བའི་ཁ་པར་བཟོ་གྲྭ་དག་ལ་གསང་བའི་ཐོག་ནས་མཁོ་སྤྲོད་བྱེད་ཀྱི་ཡོད་པ་དང་། དེས་ཨ་རིའི་བདེ་འཇགས་དང་རྒྱ་ནག་གཞུང་གི་ཁ་གཏད་པ་སོགས་ལ་གནོད་སྐྱོན་ཆེན་པོ་ཐེབས་ཀྱི་ཡོད་པའི་སྐྱོན་བརྗོད་ཤུགས་རྐྱེན་བྱས་ཡོད་པ་ལྟར། ཁ་སང་ངོ་དེབ་ཀྱིས་རྒྱ་ནག་གི་ཁ་པར་བཟོ་གྲྭ་ཆེ་ཤོས་ཧྭ་ཝེ་(Huawei)དང་། ལི་ནོ་ཝོ(Lenovo)། ཨོ་པོ་(Oppo)། ཊི་སེ་ཨལ(TCL)བཅས་ལ་ངོ་དེབ་སྟེང་གི་མི་སྒེར་གྱི་གནས་ཚུལ་མཁོ་སྤྲོད་བྱས་པ་ངོས་ལེན་བྱས་ཡོད་པ་དང་སྦྲགས། གནས་ཚུལ་མཁོ་སྤྲོད་བྱེད་དགོས་དོན་ནི་ཁ་པར་བཟོ་གྲྭ་དེ་དག་ནས་སོ་སོའི་ཁ་པར་ནང་ངོ་དེབ་བེད་སྤྱོད་གཏོང་ཕྱོགས་སྤྱི་དང་། བྱེ་བྲག་ཏུ་བཟོ་གྲྭ་དེ་དག་གི་ཁ་པར་བེད་སྤྱོད་གཏོང་མཁན་ཚོར་ངོ་དེབ་ཀྱི་ཞབས་ཞུའི་སྤུས་ཚད་ཇེ་ལེགས་སུ་གཏོང་ཐབས་བཅས་ཀྱི་ཆེད་དུ། ངོ་དེབ་ཀྱིས་དྲ་རྒྱའི་འགྲོ་ལུགས་རྒྱུས་ལོན་བྱེད་ཆོག་པ་བཟོས་ཡོད་སྐོར་སོགས་བརྗོད་ཡོད་འདུག

ངོ་དེབ་ཀྱི་ཁ་པར་མཉམ་འབྲེལ་གཙོ་གཉེར་ཚོགས་གཞོན་ཧྥི་རན་སི་ཁོའོ་ཝི་རེ་ལ་(Francisco Varela)ལགས་ཀྱིས།  ང་ཚོས་དམངས་གཙོ་ཚོགས་པའི་འདོད་བློ་ལྟར་གསལ་པོ་ཞུ་རྒྱུ་ཞིག་ལ་ཧྭ་ཝེ་ཡིས་ངོ་དེབ་ཀྱི་གནས་ཚུལ་ཚང་མ་ཁ་པར་བེད་སྤྱོད་གཏོང་མཁན་མི་སྒེར་གྱི་ཁ་པར་ནང་འཇོག་ཆོག་གི་ཡོད་པ་ལས་བཟོ་གྲྭས་གནས་ཚུལ་ཉར་ཚགས་བྱེད་སའི་མ་ལག་ནང་འཇོག་ཆོག་གི་མེད། ཅེས་བརྗོད་ཡོད་པ་དང་། ཨ་རིའི་གཞུང་གིས་ཕྱི་ལོ་ ༢༠༡༢ ནས་རྒྱ་ནག་གི་ཁ་པར་བཟོ་གྲྭ་ཧྭ་ཝེ་ཡིས་མི་སྒེར་གྱི་གནས་ཚུལ་གསང་རྐུ་བྱས་ཏེ་རྒྱལ་སྲིད་བདེ་འཇགས་ལ་ཉེན་ཁ་བཟོ་ཡི་ཡོད་པའི་ཉེན་བརྡ་བཏང་ཡོད་པ་རེད།

ཉེ་སྔོན་ཨ་རིའི་ནེའུ་ཡོག་དུས་བབ་ཀྱིས་འཛམ་གླིང་གི་སྤྱི་ཚོགས་བརྒྱུད་ལམ་ཆེ་ཤོས་ངོ་དེབ་ཀྱིས་ངོ་དེབ་བེད་སྤྱོད་པ་མི་སྒེར་གྱི་གནས་ཚུལ་ཆོག་མཆན་མེད་པར་འཛམ་གླིང་གི་ཁ་པར་བཟོ་གྲྭ་ ༦༠ ལྷག་ལ་མཁོ་སྤྲོད་བྱེད་ཀྱི་ཡོད་པ་དང་། དེ་དག་ལས་ཁ་པར་བཟོ་གྲྭ་ཁག་ཅིག་གིས་མི་སྒེར་གྱི་གནས་ཚུལ་རྣམས་བཟོ་གྲྭའི་ཁ་པར་གྱི་གནས་ཚུལ་ཉར་ཚགས་བྱེད་སའི་མ་ལག་ནང་བཞག་སྟེ། མི་སྒེར་གྱི་འགྲོ་འདུག་སྤྱོད་གསུམ་ལ་སྟངས་འཛིན་བྱེད་ཀྱི་ཡོད་པའི་གནས་ཚུལ་སྤེལ་ཡོད་པ་རེད།

འདི་ལོའི་ཕྱི་ཟླ་ ༤ ཚེས་ ༡༠ ཉིན་ཨ་རིའི་གྲོས་ཚོགས་ནས་ངོ་དེབ་ཀྱི་སྦྱིན་བདག་མེག་ཛོག་ཁིར་གྷག་(Mark Zuckerberg)ལགས་ལ་ཉན་ཞིབ་ཀྱི་ཚོགས་འདུ་ཞིག་བསྡུས་ཡོད་པ་དང་། སྐབས་དེར་ངོ་དེབ་ཀྱི་སྦྱིན་བདག་མེག་ཛོག་ཁིར་གྷག་ལགས་ཀྱིས། ཁྱེད་ཚོའི་གནས་ཚུལ་སྲུང་བའི་འོས་འགན་དེ་ང་ཚོར་ཡོད། གལ་སྲིད་ང་ཚོས་ཁྱེད་ཀྱི་གནས་ཚུལ་སྲུང་མ་ཐུབ་པ་ཡིན་ན། ཁྱེད་ལ་ཞབས་འདེགས་ཞུ་བའི་འོས་བབ་དེ་ང་ཚོར་མེད། ངས་ངོ་དེབ་བཟོས་པར་བརྟེན། ངོ་དེབ་སྟེང་གནས་ཚུལ་ག་རེ་བྱུང་བ་ཡིན་ནའང་འགན་ངས་འཁུར་གྱི་ཡིན་པ་མ་ཟད། ངོ་དེབ་ཀྱི་བདེ་འཇགས་སྲུང་སྐྱོབ་བྱེད་པར་ངས་ཅི་ཞིག་བྱ་དགོས་བྱུང་ཡང་བྱེད་ངེས་ཡིན། བྱེ་བྲག་ཏུ་ཁེམ་བྷི་རེ་ཇེའི་(Cambridge Analytica)གནད་དོན་འདིའི་རིགས་དེ་རིང་ནས་བཟུང་མཉེས་ཆས་གསར་པ་དང་ལྷན་དུ་བྱུང་གི་མ་རེད་ལ། ད་རེས་ཉམས་མྱོང་འདི་བརྒྱུད་ང་ཚོས་ངོ་དེབ་སྟེང་གི་མི་ཚང་མའི་བདེ་འཇགས་སྲུང་སྐྱོབ་སྔར་ལྷག་བྱས་ཏེ་བདེ་འཇགས་ཅན་གྱི་ཁོར་ཡུག་ཅིག་ལ་མདུན་སྐྱོད་བྱེད་རྒྱུ་ཡིན། ཞེས་བརྗོད་ཡོད་པ་རེད།

ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་མར་ཁུ་ཝ་ནར་(Mark Warner)ལགས་ཀྱིས། ངོ་དེབ་ཀྱིས་རྒྱལ་སྲིད་བདེ་འཇགས་ལ་ཉེན་ཁ་བཟོ་ཡི་ཡོད་པའི་རྒྱ་ནག་གི་ཁ་པར་བཟོ་གྲྭ་ཧྭ་ཝེ་ལྟ་བུར་མི་སྒེར་གྱི་གནས་ཚུལ་མཁོ་སྤྲོད་བྱས་ཏེ། མ་འོངས་པར་ངོ་དེབ་བེད་སྤྱོད་གཏོང་མཁན་ཚོའི་གནས་ཚུལ་བཟོ་གྲྭ་དེའི་མ་ལག་ནང་ཉར་ཚགས་མི་བྱེད་པར་ཁག་ཐེག་ཇི་ལྟར་བྱ་རྒྱུ་ཡིན་མིན་ངས་བལྟ་ཆོག ཞེས་བརྗོད་ཡོད་པ་དང་། ནེའུ་ཡོག་དུས་བབ་ཀྱི་གནས་ཚུལ་ནང་ངོ་དེབ་ཀྱིས་མི་སྒེར་གྱི་གནས་ཚུལ་མཁོ་སྤྲོད་བྱེད་ཡུལ་ཁ་པར་བཟོ་གྲྭ་ཁག་ ༦༠ ལྷག་གི་ཁྲོད་ནས་ཀུ་ཤུ་རྟགས་ཅན་དང་ཨེ་མ་རྫོང་། མེ་ཁུ་རོ་སོ་ཧྥི་ཊི། བྷི་ལེ་ཁུ་བྷན་རེ་བཅས་ཡོངས་གྲགས་བྱས་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༨/༠༦/༠༧

Leave a Reply