ན་གཞོན་འཐབ་རྩོད་པའི་ཚོགས་ཆེན་ཐེངས་གཉིས་པ་གྲུབ།

བོད་དང་ཧོང་ཀོང་། ཐའེ་ཝན་བཅས་ཀྱི་ན་གཞོན་འཐབ་རྩོད་པའི་ཚོགས་ཆེན་ཐེངས་གཉིས་ཚོགས་ཏེ་ཞི་ཅིན་ཕིན་གྱིས་སྣེ་འཁྲིད་པའི་རྒྱ་ནག་གཞུང་གི་གདུག་རྩུབ་མྱོང་མཁན་ཚང་མ་མཉམ་རུབ་ཀྱིས་ལས་འགུལ་སྤེལ་ཕྱོགས་ལ་གྲོས་བསྡུར་བྱས།འདི་གར་བོད་རང་བཙན་སློབ་ཕྲུག་ཚོགས་པས་གནས་ཚུལ་མཁོ་གཏོང་གནང་བ་ལྟར་ན། ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་རྟེན་གཞི་བྱས་པའི་ཇོར་ཇི་ཝ་ཤིང་ཊོན་གྱི་མཐོ་སློབ་ཏུ། བོད་རང་བཙན་སློབ་ཕྲུག་ཚོགས་པའི་གོ་སྒྲིག་འོག བོད་དང་ཧོང་ཀོང་། ཐའེ་ཝན་བཅས་ནས་ཡིན་པའི་གཞོན་སྐྱེས་འཐབ་རྩོད་པའི་ཚོགས་ཆེན་ཐེངས་གཉིས་པ་དེ་ཟླ་འདིའི་ཕྱི་ཚེས་ ༦ ཉིན་ཚོགས་ཡོད་པ་དང་། ཐེངས་འདིའི་ཚོགས་ཆེན་ཐོག་བོད་དང་ཧོང་ཀོང་། ཐའེ་ཝན། ལོན་ཊོན། ཁ་ན་ཌ་སོགས་ནས་ཚོགས་པ་མི་འདྲ་ ༡༣ ཀྱི་འཐུས་མི་མཉམ་ཞུགས་བྱས་ཡོད་འདུག

ཚོགས་འདུའི་ཐོག་ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཇིམ་མེག་གྷོ་ཝེན་ (Jim McGovern) དང་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གི་རྒྱ་ནག་རྟོག་ཞིབ་པ་སོ་ཧྥི་རི་ཆར་ཌི་ལྕམ་ (Sophie Richard)། རྒྱལ་ཡོངས་དམངས་གཙོ་མཐུན་སྦྱོར་ཁང་གི་སྐུ་ཞབས་ཁར་ཇེར་ཤི་མན ( Carl Gershman)། དེ་བཞིན་ཧོང་ཀོང་དམངས་གཙོ་འཐབ་རྩོད་ ཚོགས་པའི་(Demosisto) རྒྱུན་ལས་ཇེ་ཧྥེ་རེ་ངོ་  (Jeffery Ngo) སོགས་ཀྱིས་གཏམ་བཤད་གནང་ཡོད་པ་དང་། ཐེངས་འདིའི་ཚོགས་ཆེན་གྱི་བརྗོད་བྱ་གཙོ་བོ་ནི་རང་དབང་དང་། དམངས་གཙོ། རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཅེས་པ་དེ་ཡིན་ཞིང་། བོད་ནང་དང་ཧོང་ཀོང་། ཐའེ་ཝན་ཙམ་མ་ཡིན་པར་རྒྱ་ནག་གི་དབང་སྒྱུར་འོག་ཏུ་ཡོད་པའི་ས་ཁོངས་ཁག་ལ་དམ་དྲག རང་དབང་དང་དམངས་གཙོ། འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་ལས་འགུལ་ལ་དྲག་གནོན་་བྱེད་ཀྱི་ཡོད་པའི་དཀའ་སྡུག་སྐོར་ལ་གླེང་སློང་དང་། དེ་དག་ལ་གདོང་ལེན་བྱེད་ཕྱོགས། ལྷག་པར་དུ་དཀའ་སྡུག་མྱོང་མཁན་རྣམས་མཉམ་རུབ་ཀྱིས་ཞི་བའི་ལས་འགུལ་འཆར་འགོད་དང་ལྡན་པ་ག་འདྲ་དགོས་སྐོར་སོགས་ལ་ཚོགས་འདུ་དེའི་ཐོག་བགྲོ་གླེང་བྱས་ཡོད་འདུག

ཚེ་རིང་ནོར་བུ།

བསྐྱར་བཅོས།: ༢༠༡༨/༠༦/༠༧

Leave a Reply