ཉམ་ཐག་བུ་མོར་རོགས་དངུལ་ཨ་སྒོར་དུང་ཕྱུར་ ༣༠ ཙམ་གནང་གཏན་འཁེལ།

འཛམ་གླིང་གི་ཉམ་ཐག་བུ་མོའི་སློབ་སྦྱོང་གི་མཐུན་རྐྱེན་གོང་སྤེལ་དང་གོ་སྐབས་འདྲ་མཉམ་ཐོབ་ཆེད་རྒྱལ་ཁབ་བདུན་གྱི་ཚོགས་འདུའི་ཐོག་རོགས་དངུལ་འཕོན་ཆེ་ཤོས་གནང་རྒྱུ་ཁས་ལེན་བྱུང་བ་བསྒྲགས་འདུགཟླ་འདིའི་ཚེས་ ༨ ནས་ ༩ ཉིན་བར་ཁ་ན་ཌའི་(Quebec)ནང་ཚོགས་པའི་རྒྱལ་ཁབ་བདུན་གྱི་ཚོགས་འདུ་(G7 Summit)ཐེངས་ ༤༤ པའི་ཐོག་དཔལ་འབྱོར་དང་ཚོང་ལས་སྐོར་ལ་བགྲོ་གླེང་གནང་ཡོད་པ་དང་།ཚོགས་འདུའི་ཉིན་མཐའ་མར་ཁ་ན་ཌ་གཞུང་གིས་གསལ་བསྒྲགས་ཤིག་སྤེལ་ཏེ། འཛམ་གླིང་གི་ཉམ་ཐག་བུ་མོའི་སློབ་སྦྱོང་ཆེད་རོགས་དངུལ་ཨ་སྒོར་དུང་ཕྱུར་ ༢༩ གནང་རྒྱུ་ཁས་བླངས་ཡོོོོོོོད་པ་དང་། ཐེངས་འདིའི་ཚོགས་ཆེན་ཐོག་གི་རྒྱལ་ཁབ་བདུན་ནི། ཁ་ན་ཌ་དང་ཨ་རི། ཨི་ཊ་ལེ་དང་འཇར་མན། ཧྥ་རན་སི། དབྱིན་ཇི། ཉི་ཧོང་བཅས་ཡིན་འདུག

དེ་ཡང་གསལ་བསྒྲགས་དེ་ནང་། རོགས་དངུལ་འདི་ནི་རྒྱལ་སྤྱིའི་ཐོག་སློབ་སྦྱོང་དང་དམག་འཁྲུག་ནང་ཉེན་ཁར་ལྷུང་ཡོད་པའི་བུ་མོ་དང་། སྐྱེད་མའི་ཆེད་རོགས་དངུལ་ཆེ་ཤོས་དེ་ཆགས་ཡོད་པ་དང་། འདིས་ཁྱོན་བུ་མོ་ས་ཡ་ ༨ ལྷག་ལ་རོགས་རམ་བྱེད་ཐུབ་ངེས་རེད། ཅེས་བརྗོད་འདུག

རོགས་དངུལ་དེའི་ནང་འཛམ་གླིང་དངུལ་ཁང་དང་ཡུ་རོབ་སྤྱི་མཐུན་ཚོགས་པ་ཡང་མཉམ་ཞུགས་བྱ་རྒྱུའི་ཐག་གཅོད་བྱུང་སྟེ། འཛམ་གླིང་དངུལ་ཁང་གིས་ལོ་ལྔའི་རིང་ཨ་སྒོར་དུང་ཕྱུར་ ༢༠ དང་། དབྱིན་ཡུལ་གྱིས་ཨ་སྒོར་ས་ཡ་ ༢༥༠། དེ་བཞིན་ཁ་ན་ཌས་ལོ་གསུམ་རིང་ཨ་སྒོར་ས་ཡ་ ༣༡༠ བཅས་ཀྱི་རོགས་དངུལ་གནང་རྒྱུ་ཁས་བླངས་ཡོད་འདུག

ཁ་ན་ཌའི་གཞུང་འབྲེལ་གསལ་བསྒྲགས་ནང་རོགས་དངུལ་དེ་གཏོང་ཕྱོགས་སྐོར་བརྗོད་པའི་ནང་། སྐྱེད་མ་དང་བུ་མོ་རྣམས་ཀྱིས་བྱེད་འདོད་པའི་མ་འོངས་པའི་ལས་ཀ་དང་འབྲེལ་བའི་ལག་རྩལ་སྦྱོང་བརྡར་དང་། དེ་རྣམས་ཀྱི་དགེ་རྒན་གྱྱི་ལག་རྩལ་གོང་མཐོར་གཏོང་བ། སྐྱེས་མ་དང་བུ་མོའི་གནས་ཚུལ་སྐོར་ཀྱི་ཞིབ་འཇུག་ཡིག་ཚགས་ཀྱྱིྱི་སྤུས་ཀ་ཇེ་དག་ཏུ་གཏོང་བ། སྐྱེས་མ་དང་བུ་མོའི་གནས་བབ་ཡར་རྒྱས་ཆེད་ཕྱག་ལས་གནང་མཁན་ཚོགས་པའི་བར་མཉམ་ལས་བྱེད་པར་བསྐུལ་བ། སྐྱབས་བཅོལ་བ་དང་ཡུལ་མི་གནས་སྤོ་བྱུང་བའི་སྐྱེས་མ་དང་བུ་མོའི་ཆེད་གསར་གཏོད་ཀྱི་སློབ་སྦྱོང་ལས་གཞི་སྤེལ་མཁན་རྣམས་ལ་རྒྱབ་སྐྱོར། ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁག་གི་བུ་མོ་རྣམས་ཉུང་མཐར་ཡང་རྨང་གཞི་ནས་མཐོ་འབྲིང་བར་ལོ་བཅུ་གཉིས་ཀྱི་སློབ་གྲྭའི་བརྒྱུད་རིམ་ལ་ཞུགས་ཐུབ་པར་རོགས་རམ་བཅས་གནང་རྒྱུ་ཡིན་འདུག

ཕྱི་ལོ་ ༢༠༡༤  ལོར་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ་མྱོང་བའི་བུ་མོའི་སློབ་སྦྱོང་ཆེད་བྱ་འགུལ་འདྲ་མིན་སྤེལ་མཁན་མཱ་ལཱ་ལཱ་(Malala Yousafzai)ལགས་ཀྱིས། མོའི་སྤྱི་ཚོགས་དྲ་ལམ་ཊེ་ཊར་བརྒྱུད་རོགས་དངུལ་དེའི་སྐོར་ལ་བརྗོད་དོན། དེ་ནི་བུ་མོའི་སློབ་སྦྱོང་ཆེད་གོམ་པ་མདུན་དུ་སྤོས་བ་ཞིག་རེད། རྒྱལ་ཁབ་བདུན་གྱི་མགོ་འཁྲིད་རྣམས་དང་རོགས་དངུལ་འདི་དང་འབྲེལ་བའི་མགོ་འཁྲིད་གཞན་རྣམས། ལྷག་པར་དུ་ཁ་ན་ཌའི་སྲིད་བློན་ཊོ་སྒྲོའེ་(Trudeau)ལགས་སོགས་ཀྱིས་བུད་མེད་ཀྱི་རོགས་དངུལ་ལ་ཁ་གསབ་ཆེན་པོ་གནང་བར་བཀའ་དྲིན་ཆེ་ཞུ། དེ་བཞིན་འདི་ནི་ཕོ་མོ་འདྲ་མཉམ་ལམ་སྟོན་ཚོགས་པ་ནང་ཡོད་པའི་ངེད་ཀྱི་ཕྱག་རོགས་ཚོས་ཟླ་འགར་སྐུ་ལས་བསྐྱོན་པའི་གྲུབ་འབྲས་ཤིག་ཀྱང་ཡིན། ངས་འཛམ་གླིང་གི་སློབ་གྲྭ་ནང་མེད་པའི་བུ་མོ་ས་ཡ་ ༡༣༠ ཡི་ཚབ་བྱས་ནས་ཐུགས་རྗེ་ཆེ་ཞུས་པ་ཡིན། ཐག་གཅོད་འདིས་ང་ཚོར་སྔོན་མ་ལས་བདེ་འཇགས་དང་བདེ་ཐང་། འབྱོར་ཕྱུག་ལྡན་པའི་འཛམ་གླིང་ཞིག་བསྐྲུན་པའི་གོ་སྐབས་སྤྲད་པ་རེད། ཅེས་སོགས་བརྗོད་འདུག

མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཐོ་ལྟར་ན་དམག་འཁྲུག་སོགས་རྙོག་འཛིང་གི་རྐྱེན་པས་རྒྱལ་ཁབ་ ༣༥ ནང་བྱིས་པ་ས་ཡ་ ༧༥ ཙམ་སློབ་གྲྭར་ཞུགས་ཐུབ་མེད་པ་དང་། བྱིས་པ་བུ་མོ་སློབ་གྲྭར་ཞུགས་ཐུབ་མེད་མཁན་ནི་བུ་ལས་ལབ་གཉིས་ལྷག་གིས་མང་བ་ཡོད་འདུག

ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༨/༠༦/༡༠

Leave a Reply

One thought on “ཉམ་ཐག་བུ་མོར་རོགས་དངུལ་ཨ་སྒོར་དུང་ཕྱུར་ ༣༠ ཙམ་གནང་གཏན་འཁེལ།

  1. གཞུང་པ་ཚེ་དབང་བསོད་ནམས་་

    རོགས་དངུལ་ཆ་ཚང་ཉམས་ཆུང་ནུས
    མེད་མགོན་མེད་ཚོར་དུས་ཐོག་རག་པ་ཤོག་
    ཉ་བསད་ནས་ཁྱི་ལ་སྦྱིན་པ་མིན་པ་ཤོག་།