ཊོམ་ཕུ་དང་ཀེམ་ཇོང་ཨན་སེངྒ་པོར་དུ་འབྱོར།

སང་ཉིན་ཕྱི་ཚེས་༡༢ ཉིན་གྱི་སྔ་དྲོར་ཨ་བྱང་གི་སྲིད་འཛིན་གཉིས་སེངྒ་པོར་གྱི་གླིང་ཕྲན་སན་ཊོ་ས་(Sentosa)ཡི་གསོལ་མགྲོན་ཁང་ཞིག་ཏུ་ཐུག་འཕྲད་གནང་འཆར་ཡོད་འདུགསང་ཉིན་ཕྱི་ཚེས་ ༡༢ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༩ ཐོག སེངྒ་པོར་གྱི་གླིང་ཕྲན་སན་ཊོ་ས་(Sentosa)ཡི་གསོལ་མགྲོན་ཁང་ཞིག་ཏུ་ཨ་བྱང་གཉིས་ཀྱི་ལོ་རྒྱུས་རང་བཞིན་ལྡན་པའི་གྲོས་མོལ་གནང་འཆར་ཡོད་པ་ལྟར། ཨ་རིའི་སྲིད་འཛིན་ཊོམ་ཕུ་ཁ་ན་ཌའི་རྒྱལ་ཁབ་བདུན་གྱི་ཚོགས་ཆེན་གྲོལ་རྗེས་ཐད་ཀར་ཨ་རིའི་སྲིད་འཛིན་གྱི་དམིགས་བསལ་གནམ་གྲུ་(Air Force One)ནང་བསྡད་དེ་ཁ་སང་ཕྱི་དྲོའི་ཆུ་ཚོད་ ༨།༢༠ སྟེང་སེངྒ་པོར་ནང་འབྱོར་ཡོད་པ་དང་། དེ་བཞིན་བྱང་ཀོ་རི་ཡའི་སྲིད་འཛིན་ཀེམ་ཇོང་ཨན་རྒྱ་ནག་གིས་བཟོས་པའི་གནམ་གྲུ་(Air China 747)ནང་བསྡད་དེ་ཁ་སང་ཕྱི་དྲོའི་ཆུ་ཚོད་ ༣།༤༠ སྟེང་ཡུལ་དེར་འབྱོར་ཡོད་པ་དང་། སྐབས་དེར་སེངྒ་པོར་གྱི་ཕྱི་སྲིད་བློན་ཆེན་ཝེ་ཝེ་ཡན་བྷ་ལ་ཁུ་རི་ཤན་ནན་ལགས་ཀྱིས་སྣེ་ལེན་ཞུས་ཡོད་འདུག

ཨ་རིའི་སྲིད་འཛིན་ཊོམ་ཕུ་སེངྒ་པོར་ནང་མ་བསླེབས་གོང་དུ་ཨ་བྱང་གཉིས་ཀྱི་གྲོས་མོལ་སྐོར་ལ་ཁོང་གིས། ང་ཚོས་སེམས་གཏིང་གི་ཚོར་བ་རྟོགས་དཀའ་ཡང་། ངའི་སེམས་ནང་ཀེམ་ཇོང་ཨན་གྱིས་རང་ཉིད་ཀྱི་མི་མང་ལ་རླབས་ཆེ་བའི་བྱ་བཞག་ཅིག་དང་གོ་སྐབས་ཤིག་བསྐྲུན་འདོད་ཡོད་པ་མཐོང་སྟབས། ད་རེས་ནི་ཨ་རི་དང་བྱང་ཀོ་རི་ཡའི་བར་ཞི་བདེ་ཡོང་ཐབས་སུ་ཚོད་ལྟ་ཐེངས་ཤིག་བྱས་པ་ཆགས་ཡོད་ལ། ཐུག་འཕྲད་འདིའི་ཆེད་བྱང་ཀོ་རི་ཡས་ང་ཚོར་མཉམ་འབྲེལ་ཡག་པོ་ཞེ་དྲགས་གནང་སོང་། ཅེས་བརྗོད་ཡོད་འདུག

བྱང་ཀོ་རི་ཡའི་སྲིད་འཛིན་ཀེམ་ཇོང་ཨན་སེངྒ་པོར་ནང་འབྱོར་རྗེས། སེངྒ་པོར་གྱི་སྲིད་འཛིན་ལི་ཧ་སིན་ལོན་དང་ཐུག་འཕྲད་བྱས་ཏེ། ཨ་བྱང་གཉིས་ཀྱི་ལོ་རྒྱུས་རང་བཞིན་ལྡན་པའི་གྲོས་མོལ་གོ་སྒྲིག་བྱས་པར་ཐུགས་རྗེ་ཆེ་ཞུས་ཡོད་པ་དང་སྦྲགས།  གལ་སྲིད་ད་རེས་ཀྱི་གྲོས་མོལ་འདི་ལམ་ལྷོང་བྱུང་ཚེ། སེངྒ་པོར་གྱིས་ཧུར་བརྩོན་གནང་བའི་མིང་ལོ་རྒྱུས་ནང་འགོད་རྒྱུ་ཡིན། ཞེས་བརྗོད་ཡོད་འདུག

ཨ་བྱང་གཉིས་ཀྱི་ཐུག་འཕྲད་ཆེད་སེངྒ་པོར་གཞུང་གིས་འགྲོ་གྲོན་ཨ་སྒོར་ས་ཡ་ ༡༥ ཙམ་གཏོང་གི་ཡོད་པ་དང་། སེངྒ་པོར་གྱི་ཕྱི་སྲིད་བློན་ཆེན་ཝེ་ཝེ་ཡན་བྷ་ལ་ཁུ་རི་ཤན་ནན་ལགས་ཀྱིས། ང་ཚོས་ཨ་སྒོར་རེ་རེ་བཞིན་གང་ཐུབ་ཀྱིས་འགྲོ་གྲོན་ཡག་པོ་གཏོང་རྒྱུ་ཡིན་ལ། ང་ཚོར་མཚོན་ན་འདི་ནི་སེངྒ་པོས་འཛམ་གླིང་ཞི་བདེ་དང་། ཨ་རི་དང་བྱང་ཀོ་རི་ཡའི་མཛའ་འབྲེལ་ལམ་ལྷུང་ཡོང་བར་མ་དངུལ་བཏང་བ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད། ཅེས་བརྗོད་ཡོད་འདུག་ལ། སེངྒ་པོར་མི་མང་གིས་ཀྱང་ལོ་རྒྱུས་གསར་པ་ཞིག་གི་ཞིང་ས་བསྐྲུན་ཐུབ་པར་རེ་བ་ཆེན་པོ་ཡོད་སྐོར་བརྗོད་ཀྱི་འདུག

བརྒྱུད་ལམ་གྱི་གནས་ཚུལ་ལྟར་ན། ཕྱོགས་གཉིས་ནས་རྒྱལ་ཁབ་ཀྱི་ཚད་མཐོའི་རྒྱལ་སྲིད་ལམ་སྟོན་པ་དང་སྐད་སྒྱུར་བ། དེ་བཞིན་སྐོར་སྲུང་བ་སོགས་ཆེད་མཁས་པ་རྩེད་ཕུད་རྐྱང་རྐྱང་འཁྲིད་ཡོད་པ་དང་། དངོས་སུ་ཐུག་འཕྲད་གནང་འཆར་ཡོད་ཀྱང་། ཁ་སང་བྱང་ཀོ་རི་ཡས་སེངྒ་པོའི་གཞུང་ལ་ཀེམ་ཇོང་ཨན་ནུབ་ཕྱོགས་རྒྱལ་ཁབ་ཀྱིས་བཟོས་པའི་མགྲོན་ཁང་ཞིག་ཏུ་འདུག་གི་མིན་ཞུས་ཏེ་མགྲོན་ཁང་བརྗེ་རུ་བཅུག་ཡོད་པ་མ་ཟད། ཀེམ་ཇོང་ཨན་འདུག་སའི་མགྲོན་ཁང་གི་རྒྱལ་སྒོ་ཡོངས་སུ་བཀག་སྟེ་ཀེམ་ཇོང་ཨན་གྱི་བདེ་འཇགས་ཐད་སྲུང་སྐྱོབ་ཧ་ཅང་དམ་པོ་བྱེད་ཀྱི་ཡོད་འདུག

ཆབ་སྲིད་དཔྱད་བརྗོད་པ་ཚོས་བརྗོད་པ་ལྟར་ན། ཐེངས་འདིའི་ཐུག་འཕྲད་ཀྱི་དགོས་དོན་གཙོ་བོ་ནི། ཨ་རིའི་གཞུང་གིས་བྱང་ཀོ་རི་ཡས་རྡུལ་ཕྲན་མཚོན་ཆ་བཟོ་སྐྲུན་བྱས་ཡོད་པ་ཚང་མ་རྩ་མེད་བཟོས་ཏེ་ལྷོ་བྱང་ཀོ་རི་ཡའི་མངའ་ཁུལ་ཞི་བདེ་ཡོང་ཐབས་དང་། རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་ལྡོག་ཁྲོད་ཀེམ་ཇོང་ཨན་གྱིས་ད་བར་རྡུལ་ཕྲན་མཚོན་ཆ་བཟོ་སྐྲུན་ཆེད་འགྲོ་གྲོན་མང་པོ་བཏང་སྟེ་རྒྱལ་ཁབ་ད་དུང་ཡང་སྐྱོ་བོ་ཡིན་པར་བརྟེན། ཁོས་ཨ་རི་དང་ཞི་འགྲིག་བྱས་ཏེ་ཨ་རིས་བྱང་ཀོ་རི་ཡར་ཚོང་འབྲེལ་ཉེས་ཆད་དང་རྒྱལ་སྲིད་འབྲེལ་མཐུད་བཅས་ཀྱི་ཉེས་ཆད་བཅད་ཡོད་པ་དག་མེད་པ་བཟོས་ཏེ། བྱང་ཀོ་རི་ཡར་ལམ་ཁ་གསར་པ་ཞིག་འཚོལ་གྱི་ཡོད་འདུག གང་ལྟར་ད་རེས་ཀྱི་ཐུག་འཕྲད་དེ་ནི་འདས་པའི་ལོ་ངོ་ ༥༠ ལྷག་གི་རིང་ཨ་རིས་བྱང་ཀོ་རི་ཡའི་ཐོག་བཟུང་བའི་ལངས་ཕྱོགས་ལ་འགྱུར་ལྡོག་ཆེན་པོ་ཞིག་དང་། ཨ་རིའི་ལས་ཐོག་སྲིད་འཛིན་ཞིག་གིས་བྱང་ཀོ་རི་ཡའི་མགོ་འཁྲིད་དང་ཐུག་འཕྲད་བྱས་པའང་ཐོག་མ་དེ་ཆགས་ཀྱི་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༨/༠༦/༡༡

Leave a Reply

4 thoughts on “ཊོམ་ཕུ་དང་ཀེམ་ཇོང་ཨན་སེངྒ་པོར་དུ་འབྱོར།

  1. སྲས་སྐུ་ངོ་།

    ཁྲི་རོན་པུ་དང་ཀིན་ཅོང་ཨང་གཉིས་ཀྱིས་ལོ་རྒྱུས་ལྡན་པའི་གྲོས་མོལ་མཇུག་བསྡུས་བྱས་ཀྱང་། རྡུལ་ཕྲན་མཚོན་ཆ་དང་ཉིང་རྡུལ་མ་ལག་རྩ་མེད་ཇི་ལྟར་བཟོ་བའི་གནས་ཚུལ་ཁ་གསལ་མེད་པས་རྒྱལ་སྤྱིའི་གསར་འགོད་པ་དང་སྲིད་དོན་དཔྱད་བརྗོད་པ་ཚོས་ཐེངས་འདིའི་གྲོས་མོལ་བརྒྱུད་བྱང་ཀོ་རི་ཡའི་རྡུལ་མཚོན་དང་འགྲོ་བ་མིའི་ཐོབ་ཐང་། དཔལ་འབྱོར།་འཛུགས་སྐྲུན་སྐོར་ལ་གྲུབ་འབྲས་ག་ཚོད་ཡོང་མིན་ཚོད་དཔག་འདྲ་མིན་བྱེད་བཞིན་འདུག

    ཐེངས་འདིའི་གྲོས་མོལ་རྗེས་ཁྲི་རོན་པུ་དང་ཀིན་ཅོང་ཨང་གཉིས་ཀྱིས་གསར་འགོད་གསལ་བསྒྲགས་མཉམ་སྤེལ་བྱས་མེད་པར་ཨ་རིའི་སྲིད་འཛིན་གྱིས་སིན་གྷ་པོར་ནས་གསར་འགོད་གསལ་བསྒྲགས་སྤེལ་ཟིན་པ་དང་ཀོན་ཅོང་ཨང་ཕྱིར་བྱང་ཀོ་རེ་ཡ་ལ་བསླེབས་རྗེས་གསར་འགོད་སྤེལ་གྱི་ཡོད་འདུག དེ་ནི་ཁྲི་རོན་པུ་ཡི་སྐད་ཆའི་ཁྲོད་ནས་རྙེད་པའི་བྱང་ཀོ་རི་ཡའི་ཆ་རྐྱེན་ཞིག་ཡིན་པར་བསྟན།

    བྱང་ཀོ་རི་ཡས་རྡུལ་མཚོན་རྩ་མེད་ལས་གཞི་དང་བསྟུན་ནས་རྒྱལ་སྤྱིའི་དཔལ་འབྱོར་ཉེས་ཆད་ཆག་ཡང་རིམ་པ་ཇི་ལྟར་གཏོང་མིན་གྱི་དུས་ཚོད་སོགས་ཀྱི་སྐོར་ལ་ཁ་གསལ་གང་ཡང་མི་འདུག

    ཉིན་འགའི་སྔོན་སྲིད་འཛིན་ཁྲི་རོན་པུ་ཡིས། གལ་སྲིད། ཨ་རི་དང་བྱང་ཀོ་རི་ཡའི་གྲོས་མོལ་ཡག་པོ་བྱུང་ཚེ་བྱང་ཀོ་རི་ཡའི་མགོ་ཁྲིད་ཀིན་ཅོང་ཨང་ཨ་རིའི་ཕོ་བྲང་དཀར་པོའི་ནང་མགྲོན་པོ་གདན་འདེྲན་བྱ་ངེས་ཡིན་ཟེར་བཤད་ཀྱང་། ཐེངས་འདིའི་གྲོས་མོལ་གྱིས་ཁྲི་རོན་པུ་ཡིས་བསམས་པ་ནང་བཞིན་འདོད་བློ་ཁེངས་མེད་པས་མགྲོན་འབོད་བྱས་མི་འདུག སྲིད་འཛིན་ཁྲི་རོན་པུ་ཡིས་ཁེར་རྐྱང་གི་གསར་འགོད་གསལ་བསྒྲགས་སྤེལ་སྐབས། ཨ་རི་དང་བྱང་ཀོ་རི་གཉིས་ཀྱིས་དུས་ཚོད་རན་པོ་ཞིག་བྱུང་ན་རྒྱལ་ཁབ་ཕན་ཚུན་ནང་དུ་རྒྱལ་དོན་གཟིགས་སྐོར་འགྲོ་ངེས་བརྗོད་འདུག

    ཡ་ཡ་ཡ

  2. གཞུང་པ་ཚེ་དབང་བསོད་ནམས་་

    ད་ཡག་པོ་བྱུང་སོང་སྐྱེས་ཕོ་རབས་ཐུག་དུས་འཛམ་གླིང་བདེ་ལ་བཀོད་ཟེར་བའི་གཏམ་དེ་བདེན་
    བྱུང་ཕོ་རྒོད་ཨ་རིའི་སྲིད་འཛིམ་ཊོམ་དང་བྱང་ཀོ་རི་ཡའི་གཅིག་བསྡུད་རྒྱུད་འཛིན་གྲལ་རིམ་རིང་
    ལུགས་ཀྱིས་འགོ་འཁྲིད་བར་བཟོད་སྲན་དང་དཀྱིལ་ཆེའི་གུ་ཡངས་བསམ་བློའི་འོག་ནས་
    འཛམ་གླིང་བདེ་བའི་ཆེད་དུ་སྒོམ་གང་མདུན་སྤོས་གནང་
    བ་འདིའི་འཛམ་གླིང་རྒྱལ་ཁབ་ཚོའི་འགོ་འཁྲིད་ཚོ་ཞ་ར་དང་འོན་པ་
    ལྐུག་པ་མིན་ན་ཁོང་གཉིས་ཀྱིས་མཆོད་སེམས་དང་འགན་འཁུར་བློ་ཁོག་
    སོགས་ལ་མིག་བལྟ་དང་བསླབ་བྱ་བླངས་ནས་མདུན་བསྐྱོད་དགོས་པ་
    ལས་ཁ་དམག་དང་རང་མིང་གྲགས་ཐབས་ལ་འགན་
    འཁུར་ནས་ཉམ་
    ཆུང་ཞི་བའི་མི་མང་གི་འཚོ་གནས་ལ་ནམ་ཡང་གྱོང་
    སྤྲོད་མི་ཉན་ནོ་།

  3. གཞུང་པ་ཚེ་དབང་བསོད་ནམས་་

    དེ་རིང་ཨ་རི་དང་བྱང་ཀོ་རི་ཡེའི་འགོ་འཁྲིད་གཉིས་ཀྱིས་
    ཐུག་འཕྲད་འདིའི་འོག་ནས་མ་འོངས་འཛམ་གླིང་གི་ཞི་བདེ་
    ལ་ཁ་ཕྱོགས་གསར་པ་བསྟན་ཐུབ་པའི་རེ་བ་ལ་ཡིད་ཆེས་བྱེད་
    མཁན་ཁག་ཅིག་དང་དེ་རིང་ཁོང་གཉིས་ཀྱི་ཐུག་འཕྲད་འདི་ལམ་
    ལྷོངས་མ་བྱུང་ཚེ་འཛམ་གླིང་དམག་ཆེན་གསུམ་པའི་སྔོན་
    བརྡ་འཛམ་གླིང་ལ་ལེགས་སྐྱེས་སུ་འཇོག་སྲིད་པ་བཅས་དེ་རིང་ཨ་བྱང
    གཉིས་ཀྱིས་འགོ་འཁྲིད་ཐུག་འཕྲད་ལ་འཛམ་གླིང་མི་མང་རེ་དོགས་
    གཉིས་ཀྱི་འོག་ནས་རྒྱང་བལྟ་བྱས་ནས་བསྡ་ཡོད་ལ་ང་ཚོོ་བོད་མི་
    ཚོར་མཚོན་ན་ཨ་བྱང་གཉིས་ཀྱིས་ཐུག་འཕྲད་འོག་ནས་བོད་རྒྱ་གཉིས་
    ལ་བསླབ་བྱ་གསར་པ་དང་ལམ་སྟོན་གསར་པ་རེ་བ་གསར་པ་
    རྒྱུད་ནས་བོད་རྒྱའི་འགོ་འཁྲིད་བར་ཁ་དམག་དང་ཚིག་ངན་བེད་སྤྱོད་
    འགན་འཁུར་དང་རེ་བ་མེད་པའི་ནུབ་ཕྱོགས་རྒྱལ་ཁབ་ལ་སྐྱབས་བཅོལ་
    རྒྱུ་ཕར་བཞག་ནས་མི་དང་མི་ཐུག་ནས་ཨ་བྱང་གཉིས་ཀྱི་འགོ་འཁྲིད་བཞིན་བོད་རྒྱའི་དཀའ་
    ངལ་སེལ་ཐུབ་པའི་ཆབ་སྲིད་ཀྱི་ནུས་པ་དང་བློ་ཁོག་དགོས་པ་ལས་ཁ་དམག་ལ་
    འགན་འཁུར་ནས་བོད་རྒྱའི་དཀའ་ངལ་འདི་མུར་ནམ་ཡང་
    འཇོག་མི་ཉན་།

  4. གཞུང་པ་ཚེ་དབང་བསོད་ནམས་་

    སྐྱེས་ཕོ་རབས་ཐུག་དུས་རྒྱལ་ཁམས་བདེ་ལ་བཀོད་།
    སྐྱེས་ཕོ་འབྲིང་ཐུས་དུས་ཡུལ་གཉིས་མཐུན་པ་བཟོ་།
    ཕོ་མཐའ་མ་ཐུག་དུས་སྡེ་དཀྲུགས་མི་བསོད་མང་།
    དུས་སང་ཉིན་ཨ་བྱང་འགོ་འཁྲིད་གཉིས་།
    སྐྱེས་ཕོ་རབས་ཕོ་འབྲིང་ཕོ་མཐའ་གསུམ་།
    གང་ཡིན་པ་འཛམ་གླིང་མདུན་དུ་སྟོན་།