སྐུ་བརྙན་གསར་བཞེངས་གནང་།

བལ་ཡུལ་བོད་མི་ཚོས་བོད་དོན་ཆེད་སྐུ་སྲོག་ཤོར་བ་རྣམས་ཀྱི་འཁྲུངས་རྟགས་སུ་འཕགས་པ་སྤྱན་རས་གཟིགས་ཀྱི་སྐུ་བརྙན་ཞིག་གསར་བཞེངས་ལེགས་འགྲུབ་བྱུང་ཡོད་འདུག 

དེ་རིང་ཞོགས་པའི་ཆུ་ཚོད་ ༩ ཐོག བལ་ཡུལ་ཤེལ་དཀར་ཆོས་སྡེ་དགེ་ལྡན་ལེགས་བཤད་གླིང་གི་འདུ་ཁང་ནང་དུ། བལ་ཡུལ་དོན་གཅོད་ཁང་དང་ས་གནས་གཞིས་ལས་ཁུངས་ཀྱི་སྐུ་ཚབ་རྣམ་པ་དང་། ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་བཀྲ་ཤིས་དོན་འགྲུབ་ལགས། དེ་བཞིན་ས་གནས་ཚོགས་པ་སྐྱིད་སྡུག་ཁག་གི་གནད་ཡོད་མི་སྣ་ ༤༠ ལྷག་དང་།  ས་གནས་མང་ཚོགས་བཅས་མི་གྲངས་ ༤༠༠ ལྷག་འཛོམས་ཏེ་མ་ཎི་གསོག་སྒྲུབ་གནང་རྗེས།  ཉིན་རྒྱབ་ཆུ་ཚོད་ ༢ པའི་སྟེང་འཕགས་པ་སྤྱན་རས་གཟིགས་ཀྱི་སྐུ་བརྙན་ཞིག་གསར་བཞེངས་ལེགས་འགྲུབ་ཀྱི་མཛད་སྒོ་ཚོགས་ཡོད་པ་རེད།

མཛད་སྒོའི་ཐོག་བལ་ཡུལ་རྒྱལ་སའི་མངའ་ཁུལ་གྱི་གྲོས་ཚོགས་ཚོགས་གཙོ་བསོད་ནམས་ཚེ་རིང་ལགས་ཀྱིས་གཏམ་བཤད་གནང་སྐབས། ཕྱི་ལོ་ ༢༠༠༨ ལོའི་ས་བྱི་ཞི་རྒོལ་ཆེན་མོའི་སྐབས། རྒྱ་གཞུང་གིས་བོད་མིའི་ཐོག་དྲག་གནོན་ཚད་མེད་བྱས་ཏེ་བོད་མི་མང་པོའི་ཚེ་སྲོག་ཤོར་བ་དང་གར་སོང་ཆ་མེད་དུ་གྱུར་བ། བཙོན་འཇུག་འོག་དཀའ་སྡུག་ཚད་མེད་མྱོང་དགོས་བྱུང་བར་གདུང་སེམས་མཉམ་བསྐྱེད་དང་། རྒྱལ་སྤྱིར་ཞུ་འབོད་སོགས་ཀྱི་ལས་འགུལ་སྣ་མང་སྤེལ་ཆེད་རང་གཞུང་བཀའ་སྤྱི་ལྷན་རྒྱས་ནས་ཛ་དྲག་གི་ཚོགས་ཆུང་གསར་འཛུགས་གནང་བ་བཞིན། འདི་ག་བལ་ཡུལ་ནང་སྐུ་ཚབ་དོན་གཅོད་དང་ཕྱོགས་བཞུགས་སྤྱི་འཐུས། ས་གནས་མགོ་འཛིན་དང་ས་འཐུས་ཁག་བཞི། རང་བདེན་ཚོགས་ཆུང་ལྔ། ས་གནས་གཞོན་ནུ་བུད་མེད་བཅས་ལས་གྲུབ་པའི་ཚོགས་ཆུང་ཞིག་གིས། གཞིས་བཞུགས་བོད་མིར་གདུང་སེམས་མཉམ་བསྐྱེད་ཞུ་ཆེད་ལས་འགུལ་སྣ་མང་སྤེལ་བ་དང་མང་ཚོགས་ནས་སྔ་ཕྱིར་ཞལ་འདེབས་དངུལ་བྱུང་བ་ས་གནས་དགོན་སྡེ་ཁག་ལ་ཆ་བགོས་ཀྱིས་སྒྲོལ་མ་གྲངས་གསོག་ཞུ་ཆེད་དུ་ཕུལ་སྐབས། དགོན་པ་ཁ་ཤས་ནས་མ་བླངས་བར་བརྟེན་དངུལ་ལྷག་བལ་སྐོར་འབུམ་༣༦་དང་ལྔ་ཁྲི་ལྔ་སྟོང་དགུ་བརྒྱ་བཅུ་གཅིག་ཡོད་པ་རྣམས་ཀྱིས་བོད་དོན་ཆེད་སྐུ་སྲོག་ཤོར་བ་རྣམས་ཀྱི་འཁྲུངས་རྟགས་མཚོན་བྱེད་དུ་སྟོན་པའམ་སྤྱན་རས་གཟིགས་གང་རུང་གི་སྐུ་བརྙན་ཞིག་བཞེངས་ན་ལེགས་ལམ་ཆེ་མིན་༧གོང་ས་མཆོག་ལ་སྙན་གསེང་ཞུས་བའི་བཀའ་ལན་དུ། སྤྱར་རས་གཟིགས་ཀྱི་སྐུ་བརྙན་བཞེངས་དགོས་བའི་བཀའ་ཕེབས་པ་བཞིན་དེ་རིང་ཡོངས་སུ་ལེགས་འགྲུབ་བྱུང་ཡོད། ཅེས་བརྗོད་སོང་།

དེའི་རྗེས་གནད་ཡོད་མི་སྣ་རྣམ་པས་དབུ་འཁྲིད་དེ་སྐུ་བརྙན་ལ་མཇལ་ཁ་ཞུས་རྗེས་མཛད་སྒོ་གྲོལ་ཡོད་པ་དང་། སྐུ་བརྙན་དེ་ཤེལ་དཀར་ཆོས་སྡེ་དགེ་ལྡན་ལེགས་བཤད་གླིང་གི་དགེ་འདུན་འདུས་བ་སྤྱི་ཡོངས་ནས་རབ་གནས་མཛད་པ་དང་དེ་གར་ནང་རྟེན་དུ་ཕུལ་ཡོད་པ་རེད་། 

བལ་ཡུལ་ས་གནས་གསར་འགོད་པ་མགོན་པོ།

བསྐྱར་བཅོས།: ༢༠༡༨/༠༦/༡༤

Leave a Reply

One thought on “སྐུ་བརྙན་གསར་བཞེངས་གནང་།

  1. དུས་བབས་གསར་ཁང་གི་སྤྱི་ཚོགས་ནང་། བོད་མའི་སྒྲིག་འཛུགས་ཀྱི་ལས་འགུལ་ཁག་ལ་དངོས་ཤུགས་རྒྱུད་ནས། དྲང་བདེན་མ་ཡིན་པའི་འཆལ་གཏམ་སྤེལ་བ་དང་། དཔེ་མཚོན་ལྟར་ཞུས་ན། ༧གོང་ས་མཆོག་གི་ལམ་སྟོན་ལྟར་བོད་ཀྱི་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་སྤྱན་རས་གཟིགས་ཀྱི་སྐུ་བརྙན་བཞེངས་པའི་ལེགས་གྲུབ་མཛད་སྒོར་ཤེལ་ཆོས་དགོན་དུ་གྲྭ་བཙུན་བསྡོམས་པས་མི་མང་བཞི་བརྒྱ་ལྷག་བྱུང་ཡང་་་དུས་བབས་གསར་ཁང་གི་མི་གྲངས་བརྒྱ་ལྷག་ཙམ་ལས་བཀོད་མིན་འདུག