བོད་མི་ཞིག་ལ་གསང་ཉུལ་བའི་ཁྲིམས་ཆད་ཕོག

སི་ཝེ་ཌན་ནང་གནས་སྡོད་བྱས་ཡོད་པའི་བོད་མི་རྡོ་རྗེ་རྒྱལ་མཚན་ཟེར་བ་ཞིག་གིས་བཙན་བྱོལ་བོད་མིའི་གནས་ཚུལ་བསྡུ་རུབ་ཀྱིས་རྒྱ་ནག་གཞུང་ལ་རྩིས་སྤྲོད་བྱས་པའི་ནག་ཉེས་འོག་ལོ་གཉིས་མ་ཟིན་ཙམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

ཁ་སང་ཕྱི་ཚེས་ ༡༥ ཉིན་སི་ཝེ་ཌན་གྱི་སོ་ཌར་ཊོན་རྫོང་ཁྲིམས་ཁང་ (The Sodertorn District Court) གིས། རང་ལོ་ ༤༩ ཡིན་པའི་སི་ཝེ་ཌན་ནང་གནས་སྡོད་བོད་རིགས་རྡོ་རྗེ་རྒྱལ་མཚན་ཟེར་བ་ཞིག་གིས། སི་ཝེ་ཌན་དང་པོ་ལན་ཌི་སོགས་ཀྱི་ནང་འདུས་སྡོད་བྱས་ཡོད་པའི་བོད་མིའི་གནས་ཚུལ་རྣམས་བསྡུ་རུབ་ཀྱིས་རྒྱ་ནག་གཞུང་ལ་རྩིས་སྤྲོད་བྱས་པའི་ནག་ཉེས་འོག་ལོ་གཅིག་དང་ཟླ་ ༡༠ ཡི་བཙོན་འཇུག་ཁྲིམས་ཐག་བཅད་འདུག ཡིན་ནའང་། རྡོ་རྗེ་རྒྱལ་མཚན་གྱི་ཁྲིམས་རྩོད་པ་མེལ་ཁུ་སུ་ཊར་བྷར་ (Mikael Soderberg) གྱིས་རྡོ་རྗེ་རྒྱལ་མཚན་ལ་ནག་ཉེས་གང་ཡང་མེད་པས་བསྐྱར་དུ་ཁྲིམས་གཏུག་བྱ་རྒྱུ་ཡིན་སྐོར་ཡུལ་དེའི་གསར་ཁང་ཞིག་ལ་བརྗོད་འདུག

ཁྲིམས་ཞིབ་པ་ཊད་ནེལ་རེ་ཁུ་སོན་ (Daniel Eriksson) ལགས་ཀྱིས། རྡོ་རྗེ་རྒྱལ་མཚན་ཟེར་བ་དེ་པོ་ལན་ཌིའི་རྒྱ་ནག་གི་གསང་ཉུལ་བར་ཐེངས་འགར་ཐུག་འཕྲད་དུ་ཕྱིན་པ་དེའི་ཐོག་ནས་བོད་མི་ལ་དམིགས་པའི་གསང་ཉུལ་བ་ཞིག་ཡིན་པ་ར་སྤྲོད་བྱུང་ཡོད་པ་དང་། རྒྱ་གཞུང་ལ་རྩིས་སྤྲོད་བྱས་པའི་གནས་ཚུལ་དེ་དག་གིས་བོད་མི་སྤྱི་དང་བྱེ་བྲག་གིས་སི་ཝེ་ཌན་ནང་གནས་སྡོད་བོད་མི་ཚོར་གནོད་འཚེ་ཆེན་པོ་ཐེབས་ཡོད་སྲིད་པ་རེད། ཅེས་བརྗོད་འདུག

ཡང་ཁྲིམས་ཁང་དེའི་ཁྲིམས་དཔོན་གྱིས། རྡོ་རྗོ་རྒྱལ་མཚན་གྱིས་བོད་མི་སྒེར་གྱི་གནས་ཚུལ་ཏེ་ས་གནས་གང་ན་འདུག་གི་ཡོད་མེད་དང་མི་སུ་ལ་འབྲེལ་བ་ཡོད་མེད། དེ་བཞིན་ཁྱིམ་ཚང་ཕན་ཚུན་བར་གྱི་འབྲེལ་བ། ཆབ་སྲིད་དང་འབྲེལ་བའི་ཚོགས་འདུ་སོགས་ཀྱི་གནས་ཚུལ་བསྡུ་རུབ་བྱས་ཏེ་རྒྱ་ནག་གཞུང་ལ་རྩིས་སྤྲོད་བྱས་ཐེངས་རེར་ཨ་སྒོར་ ༥༠༠༠༠ ཙམ་རག་གི་ཡོད་སྐོར་བརྗོད་འདུག

དེ་སྔོན་སྤྱི་ཚོགས་དྲ་ལམ་ཁག་ཏུ་བོད་མི་དེ་རྒྱ་གར་ནས་སི་ཝེ་ཌན་ནང་ཕྱིན་པ་ཡིན་སྐོར་བརྗོད་ཀྱི་འདུག་ཀྱང་། སི་ཝེ་ཌན་ས་གནས་བོད་རིགས་ཚོགས་པའི་ཚོགས་གཙོ་འཇམ་དབྱངས་ཆོས་སྒྲོན་ལགས་ཀྱིས་སི་ཝེ་ཌན་གསང་བའི་ལས་ཁུངས་ཀྱི་གནས་ཚུལ་ལྟར་ན། བོད་མི་དེས་རྒྱ་ནག་གི་མི་སེར་ཡིན་པའི་ཁ་ཆེ་མི་རིགས་ཀྱི་ལག་འཁྱེར་ཐོག་སི་ཝེ་ཌན་ནང་ཐད་ཀར་སྐྱབས་བཅོལ་ཞུས་ཡོད་སྐོར་བརྗོད་བྱུང་།

སི་ཝེ་ཌན་གསང་བའི་ལས་ཁུངས་ཀྱིས་ཕྱི་ལོ་ ༢༠༡༥ ལོ་ནས་རྡོ་རྗེ་རྒྱལ་མཚན་ལ་གསང་བའི་ཞིབ་འཇུག་བྱས་ཡོད་པ་དང་། ཕྱི་ལོ་ ༢༠༡༧ ལོའི་བོད་ཀྱི་ལོ་གསར་སྐབས་ཁོ་འཛིན་བཟུང་བྱས་ཏེ་ཟླ་ ༢ མ་ཟིན་ཙམ་རིང་བཀག་ཉར་བྱས་ཡོད་ཀྱང་ཕྱིས་སུ་ཀློད་གྲོལ་བཏང་སྟེ་ལྟ་ཞིབ་འོག་བཞག ལོ་འདིའི་ཕྱི་ཟླ་ ༤ ཚེས ༡༢ ཉིན་བསྐྱར་དུ་འཛིན་བཟུང་བྱས་ཡོད་འདུག

ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༨/༠༦/༡༦

Leave a Reply

4 thoughts on “བོད་མི་ཞིག་ལ་གསང་ཉུལ་བའི་ཁྲིམས་ཆད་ཕོག

  1. ཁ་ཆེ་བའི་མིང་ཐོག་སྐྱབས་བཅོལ་ཞུ།ད་རྙོག་དྲ་ཡོད་དུས་བོད་པ་རེད་དམ།བོད་མིང་ཡོད་པ་ཙམ་དང་བོད་ཡིན་ཤེས་པ་ཙམ་གྱི་བོད་པ་རེད་ཟེར་ན་འགྲིག་ཨེ་ཡོང།

  2. དཔལ་ལྷ་མོ།

    ཚོགས་གཙོ་འཇམ་དབྱངས་ཆོས་སྒྲོན་ལགས་ཀྱིས་སི་ཝེ་ཌན་གསང་བའི་ལས་ཁུངས་ཀྱི་གནས་ཚུལ་ལྟར་ན། བོད་མི་དེས་རྒྱ་ནག་གི་མི་སེར་ཡིན་པའི་ཁ་ཆེ་མི་རིགས་ཀྱི་ལག་འཁྱེར་ཐོག་སི་ཝེ་ཌན་ནང་ཐད་ཀར་སྐྱབས་བཅོལ་ཞུས་ཡོད་སྐོར་བརྗོད་བྱུང་།བོད་པ་ཡིན་ན་ཁ་ཆའི་མིང་ཐོག་ནས་སྐྱབས་བཅོལ་ཞུ་དགོས་དོན་གང་ཡིན་ནམ།ཡང་ན་བོད་པ་ཁ་ཆེ་རེད་དམ།ལུང་ཚན་གང་ནས་རེད།གསར་འགྱུར་དེ་གཙང་མ་རེད་མི་འདུག

  3. རྟ་བདུན་དབང་བོ

    རྡོ་རྗེ་རྒྱལ་མཚན་ཟེར་བ་དེ་ཕ་ཡུལ་གང་ནས་ཡིན་ནམ། ཕྱིར་ས྄ོད་བོད་མིའི་གནས་སྟངས་ཀྱི་སྐོར་རྒྱ་ནག་གཞུང་ལ་རྩིས་སྤྲོད་བྱས་ཐེངས་རེར་ཨ་སྒོར་ལྔ་ཁྲི་རེ་སྟེར་གྱི་འདུག་ཟེར་ན་ཡིད་ཆེས་མི་ཐུབ་པ་ཞིག་རེད། རྒྱུ་མཚན་ནི་ཕྱིར་ས྄ོད་བོད་མི་ཚོ་སོ་སོའི་ས་ནས་འཚོ་བ་རོལ་ཐབས་ཙམ་ལས་གསང་བ་ཅི་ཞིག་ཡོད། སྤྱིར་བོད་མིའི་སྤྱི་ཚོགས་ཁྲོད་གསང་ཉུལ་བ་ཡོད་སྲིད་པ་ཞིག་རེད། རྒྱ་ནག་ལ་ཤིན་ཏུ་རིན་ཐང་ཅན་གྱི་གསང་བ་ཅི་ཞིག་ཡོད། །

  4. གཞུང་པ་ཚེ་དབང་བསོད་ནམས་་ཉེ

    བདེན་པ་རྫུན་པ་ཁྲིམས་ཀྱི་དབྱེ་།
    ཅུ་དང་འོ་མ་རུས་སྦལ་དབྱེ་།
    དཀར་ནག་དགེ་སྡིག་ཤིན་རྗེ་དབྱེ་།
    བོད་པ་ཚང་ད་གང་དྲག་།