ཇོ་ནང་གཞན་སྟོང་བགྲོ་གླེང་ཐེངས་བཅུ་གསུམ་པ་ཚོགས།

ཇོ་ནང་གཞན་སྟོང་བགྲོ་གླེང་བཅུ་གསུམ་པའི་ཐོག་ཏུ་དགོན་སྡེ་ ༤༠ ལྷག་ནས་སློབ་གཉེར་བ་ ༢༧༠༠ལྷག་འཛོམས་ནས་མདོ་སྔགས་གཞུང་ལུགས་ལ་བགྲོ་གླེང་མཐར་ཕྱིན་པ་མཛད།ཇོ་ནང་གཞན་སྟོང་བགྲོ་གླེང་འཆར་ཅན་ལྟར་ཚོགས་ཀྱི་ཡོད་པ་བཞིན། བོད་ཟླ་ ༤ ཚེས་ ༢༡ སྟེ་ཕྱི་ཟླ་ ༦ པའི་ཚེས་ ༤ ནས་བཟུང་ཉིན་གྲངས་ ༡༥ ་རིང་། གདན་ས་ཆེན་པོ་མགོ་ལོག་ལུང་སྐྱ་དགོན་དཔལ་ངེས་དོན་མི་འགྱུར་བདེ་ཆེན་གླིང་དུ། ཇོ་ནང་གཞན་སྟོང་བགྲོ་གླེང་ཐེངས་བཅུ་གསུམ་པ་ཚོགས་ཡོད་པ་དང་། ཚོགས་ཐོག་ཏུ་དགོན་སྡེ་ ༤༠ ལྷག་ནས་སློབ་གཉེར་བ་ ༢༧༠༠ལྷག་འཛོམས་ནས་མདོ་སྔགས་གཞུང་ལུགས་རྒྱ་མཚོའི་གནད་ལ་ལུང་རིགས་དྲི་མ་མེད་པས་བགྲོ་གླེང་མཐར་ཕྱིན་པ་མཛད་ནས་དེ་རིང་ལེེེེེེེགས་པར་གྲུབ།

བགྲོ་གླེང་གི་ཚོགས་མགོན་དུ་ཇོ་ནང་སྐྱབས་མགོན་གཙང་སྤྲུལ་འཇིགས་མེད་རྡོ་རྗེ་མཆོག་གི་ཞལ་སྔ་ནས་དང་། སྙིགས་དུས་ཀྱི་འདུལ་འཛིན་ཆེན་པོ་མཁན་ཆེན་ཀུན་དགའ་ཤེས་རབ་གསལ་བྱེད། གཞན་སྟོང་བགྲོ་གླེང་ཆེན་མོའི་གཙོ་བཀའ་བཅུ་རབ་འབྱམས་པ་ངག་དབང་བཀྲ་ཤིས། ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་ངག་དབང་དངོས་གྲུབ་དཔལ་སོགས་ཀྱིས་དབུས་དགོན་སྡེ་ཁག་གི་དུས་འཁོར་སྦྱོར་དྲུག་གི་རྡོ་རྗེ་སློབ་དཔོན་རྣམ་པ་དང་།  མཁན་བླ་སྤྲུལ་དགེ་བཤེས་སོགས་གལ་ཆེའི་མི་སྣ་བརྒྱ་ཕྲག་ལྷག་དགྱེས་འཛོམས་བྱུང་།

སྤྱིར་བཏང་གཞན་སྟོང་བགྲོ་གླེང་ཆེན་མོའི་སྐབས་སུ་བློ་རྟགས་བསྡུས་གསུམ་ལ་རྩོད་རྒྱུགས་ལས་དམ་བཅའ་མེད་ལ།  གཞུང་ཆེན་དབུ་ཕར་མཛོད་འདུལ་བཞི་ལ་དམ་བཅའ་ལས་རྩོད་རྒྱུད་མེད་མོད། གཞན་སྟོང་བགྲོ་གླེང་ཐེངས་བཅུ་གཉིས་པའི་སྐབས་ནས་བཟུང་། བགྲོ་གླེང་གཙོ་བོ་མདོ་ཕྱོགས་ནས་ཀུན་མཁྱེན་དོལ་པོ་སངས་རྒྱས་ཀྱིས་མཛད་པའི་དབུ་མ་རི་ཆོས་ངེས་དོན་རྒྱ་མཚོ་ཞེས་བྱ་བ་མཐར་ཐུག་ཐུན་མོང་མ་ཡིན་པའི་མན་ངག་སྟེ། ཡོངས་གྲགས་སུ་ཇོ་ནང་རི་ཆོས་ཞེས་གྲགས་པ་དེ་ཉིད་གཙོ་བོར་བྱས་ཏེ་གཞན་སྟོང་དབུ་མའི་སྐོར་ལ་བགྲོ་གླེང་མཐིལ་ཕྱིན་བྱེད་རྒྱུ་གཏན་འཁེལ་མཛད་ཐོག ལོ་དེར་དེའི་གཞིའི་རྣམ་གཞག་གི་སྐོར་ལ་བགྲོ་གླེང་ཕུལ་ཕྱིན་མཛད་ཅིང་། ད་ལོར་ལམ་གྱི་རྣམ་བཞག་གི་སྐོར་ལ་བགྲོ་གླེང་གནང་། ལོ་རྗེས་མར་འབྲས་བུའི་རྣམ་གཞག་གི་སྐོར་ལ་བགྲོ་གླེང་གནང་འཆར་ཡོད།

དེ་བཞིན་དུ་སྔགས་ཕྱོགས་ནས་དཔལ་མཆོག་དུས་ཀྱི་འཁོར་ལོའི་འགྲེལ་ཆེན་དྲི་མེད་འོད་དམ་ཡོངས་གྲགས་སུ་དུས་འཁོར་ཕྱོགས་མཆན་ཞེས་གྲགས་པ། ཆོས་རྗེ་ཕྱོགས་ལས་རྣལ་རྒྱལ་གྱིས་མཆན་གྱིས་གསལ་བར་མཛད་པ་དེ་ཉིད་གཞིར་བཟུང་ནས་བགྲོ་གླེང་ཡང་གནང་བཞིན་ཡོད་ལ། ན་ནིང་འཇིག་རྟེན་ཁམས་ལ་སོང་ཟིན་ཞིང་།  ད་ལོར་ནང་གི་ལེའུ་དང་།  ལོ་རྗེས་མ་རྣམས་སུ་རིམ་བཞིན་དབང་གི་ལེའུ་དང་། སྒྲུབ་ཐབས་ཀྱི་ལེའུ། ཡེ་ཤེས་ཀྱི་ལེའུ་བཅས་ཀྱི་ཐོག་རྩོད་རྒྱུག་དང་དམ་བཅའ་ཟུང་འབྲེལ་ཐོག དགོན་ཁག་བཞི་རེ་རེས་མོས་ཀྱིས་དམ་བཅར་བཞུགས་ནས་རྟགས་གསལ་བགྲོ་གླེང་མཐར་ཕྱིན་པ་གནང་རྒྱུ་ཡིན་པ་རེད།

དངོས་གཞི་དབུ་མའི་བགྲོ་གླེང་གི་གཞན་སྟོང་དབུ་མའི་མཚན་ཕུད་དམ་བཅའ་ཆེན་མོའི་སྐབས་སུ་ཆོས་བརྒྱུད་ཆེན་པོ་དྲུག་གི་མཁས་དབང་ཁག་གདན་འདྲེན་ཞུས་ནས་གསུང་བཤད་སྲོལ་ཡོད་པ་ལྟར། ད་ལོར་ཡང་མཚན་ཕུད་དམ་བཅའི་སྐབས། གཡུང་དྲུང་བོན་གྱི་དགེ་བའི་བཤེས་གཉེན་ཆེན་པོ་རྫ་ཚེ་དབང་བསྟན་འཛིན་དང་། སྔ་འགྱུར་རྙིང་མའི་བླ་རུང་མཁན་ཆེན་མགོ་ལོག་རབ་ལྡན། མཁན་ཆེན་མུ་ར་ཀུན་བཟང་།  བཀའ་བརྒྱུད་པའི་མཁན་ཆེན་མཁྱེན་རབ་རྒྱ་མཚོ། ས་སྐྱའི་རྫོང་གསར་མཁན་ཆེན་ཕུན་ཚོགས་རྣམ་རྒྱལ། དགེ་ལུགས་པའི་དགེ་བཤེས་ལྷ་རམས་པ་འཇམ་དཔལ་བློ་ཤེས་དང་། དགེ་བཤེས་ཨརྱ་དེ་ཝ། མཁས་དབང་སྒོ་ཤེས་རབ་རྒྱ་མཚོ་སོགས་ཆེད་ཕེབས་ཀྱིས་རིན་ཐང་བྲལ་བའི་གསུང་བཤད་གནང་བ་མ་ཟད། གཞུང་ལུགས་ཀྱི་དཀའ་གནད་ཐོག་ལུང་རིགས་ཀྱི་བརྒལ་བརྟག་མཛད།

གཞན་སྟོང་བགྲོ་གླེང་ཆེན་མོ་ཐེངས་དང་པོ་ཕྱི་ལོ་ ༢༠༠༤ ལོར་ལྕམ་མདའ་དགོན་ཐུབ་བསྟན་ངེས་དོན་ཆོས་འཁོར་གླིང་དུ་ཚོགས་ཤིང་། དེ་ནས་བཟུང་ལོ་ལྟར་དགོན་སྡེ་ཆེ་ཁག་ཏུ་རེས་མོས་ཀྱིས་འཚོགས་བཞིན་ཡོད།

བེ་རི་རིག་པའི་རྡོ་རྗེས་གནས་ཚུལ་མཁོ་གཏོང་བྱས།

བསྐྱར་བཅོས།: ༢༠༡༨/༠༦/༡༨

Leave a Reply

One thought on “ཇོ་ནང་གཞན་སྟོང་བགྲོ་གླེང་ཐེངས་བཅུ་གསུམ་པ་ཚོགས།