ཁ་ན་ཌས་སོ་མ་རཱ་ཛ་ཁྲིམས་མཐུན་བཟོས།

དེ་རིང་ཁ་ན་ཌའི་གྲོས་ཚོགས་ནང་མྱོས་རྫས་སོ་མ་རཱ་ཛ་( Marijuana) ཁྲིམས་མཐུན་བཟོ་མིན་ཐོག་འོས་ཤོག་བླུགས་པར་འཐུས་མི་ ༢༩ ཡིས་ངོ་རྒོལ་དང་འཐུས་མི་ ༥༢ ཀྱིས་རྒྱབ་སྐྱོར་བྱས་ཏེ་ཁྲིམས་མཐུན་གཏན་འབེབ་བྱུང་ཡོད་འདུག 
དེ་ཡང་སོ་མ་རཱ་ཛ་ཁྲིམས་མཐུན་དགོས་པའི་བསམ་ཚུལ་དེ་ཐོག་མར་ན་ནིང་ཕྱི་ཟླ པའི་ནང་བྱུང་ཡོད་པ་དང་དེའི་རྗེས་ཕྱི་ཟླ་ ༡༡ ནང་གྲོས་ཚོགས་ནང་དངོས་སུ་ཁྲིམས་འཆར་འཁུར་ཡོང་སྟེ། དེ་རིང་ཞོགས་པར་གྲོས་ཚོགས་ཀྱི་འཐུས་མི་སུམ་ཆ་གཉིས་མ་ཟིན་ཙམ་གྱིས་ཁྲིམས་མཐུན་རྒྱབ་སྐྱོར་ཐོབ་ཡོད་པ་ལྟར། འདི་ལོའི་ཕྱི་ཟླ་ ༩ པའི་ནང་དངོས་སུ་ལག་བསྟར་གནང་འཆར་ཡོད་འདུག

མྱོས་རྫས་ཁྲིམས་མཐུན་དེ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ནང་ལོ་རྒྱུས་རང་བཞིན་ལྡན་པའི་གོམས་སྟབས་ཆེན་པོ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་མ་ཟད། འཛམ་གླིང་རྒྱལ་ཁབ་ཁག་གིས་ཁ་ན་ཌ་གཞུང་གིས་ཁྲིམས་དེ་ཇི་ལྟར་ལག་བསྟར་དང་རྒྱུན་འཁྱོངས་བྱེད་མིན་ལ་ལྟ་ཞིབ་གནང་རྒྱུ་ཡིན་འདུག ཁ་ན་ཌ་ནི་འཛམ་གླིང་གི་རྒྱལ་ཁབ་ནང་ནས་སོ་མ་རཱ་ཛ་ཉོ་ཚོང་དང་འཛད་སྤྱོད་རྒྱལ་ཡོངས་སུ་ཁྲིམས་མཐུན་གཏན་འབེབ་བྱེད་མཁན་རྒྱལ་ཁབ་གཉིས་པ་དེ་ཡིན་པ་དང་། རྒྱལ་ཁབ་དང་པོ་ནི་ཡུ་རུ་གྷེ  (Uruguay) ཡིན་འདུག དེ་མིན་ཨ་རིའི་མངའ་སྡེ་༩ དང་རྫོང་གཅིག་བཅས་ལ་ཁྲིམས་མཐུན་ཡིན་ཞིང་། རྒྱལ་ཁབ་མང་པོ་ཞིག་ལ་སྨན་སྦྱོར་དང་སྨན་བཅོས་ཆེད་དུ་ཁྲིམས་མཐུན་ཡིན་འདུག 

དང་ཐོག་ཁ་ན་ཌ་གཞུང་གིས་ཁྲིམས་དེ་འདི་ལོའི་ཕྱི་ཟླ་ པའི་ནང་དངོས་སུ་ལག་བསྟར་བྱ་རྒྱུ་ཡིན་ལུགས་བསྒྲགས་ཡོད་ཀྱང་། མངའ་སྡེ་སོ་སོའི་ནང་སོ་མ་རཱ་ཛ་ཉོ་འཚོང་དང་བེད་སྤྱོད། སྟངས་འཛིན་ཐད་ལ་སྒྲིག་གཞི་གཏན་འབེབ་བྱ་དགོས་སྟབས། ཕྱི་ཟླ ་པའི་ཚེས་ཤར་རམ་ཟླ་དཀྱིལ་དུ་ལག་བསྟར་བྱ་འཆར་ཡོད་འདུག ཁྲིམས་གཞི་གསར་པ་དེའི་ནང་རང་ལོ་ ༡༨ སོན་པ་རྣམས་ཀྱིས་བེད་སྤྱོད་གཏོང་ཆོག་གི་ཡོད་ཀྱང་། མི་གཅིག་གིས་རྒྱ་མ་གཅིག་མ་ཟིན་ཙམ་ལས་མཉམ་འཁྱེར་མི་ཆོག་པ་དང་། མི་རེས་རང་ཁྱིམ་དུ་སྒེར་གྱི་བེད་སྤྱོད་ཆེད་སོ་མ་རཱ་ཛའི་སྡོང་པོ་ མ་གཏོགས་འདེབས་འཛུགས་མི་ཆོག ཉོ་ཚོང་གི་ཐད་ལ་གཞུང་གིས་ཐད་ཀར་འཛིན་སྐྱོང་བྱ་རྒྱུ་ཡིན་པ་མ་ཟད། སྟངས་འཛིན་ཡོད་པའི་ཚོང་ལས་གཞན་མི་ཆོག་པ་བྱ་རྩིས་ཡོད་འདུག

ཁྲིམས་མཐུན་གཏན་འབེབ་བྱུང་རྗེས་མི་མང་ཁྲོམ་གཞུང་དུ་ཐོན་ནས་དགའ་སྟོན་འབྲེལ་རྟེན་བྱས་ཡོད་པ་དང་། ཁ་ན་ཌའི་སྲིད་བློན་ཇཱ་སི་ཊིན་ཊིར་ཌུ་(Justin Trudeau)ཊི་ཊིར་ཐོག་ཏུ། ང་ཚོའི་ཕྲུ་གུ་ཚོས་སོ་མ་རཱ་ཛ་ཧ་ཅང་ལས་སླ་པོའི་ཐོག་ནས་ལག་སོན་བྱུང་གི་ཡོད་པ་དང་། དེ་བཞིན་ཉེས་ཅན་པ་དག་གིས་ཀྱང་དེ་དག་ལས་ཁེ་བཟང་གསོག་རྒྱུ་ཧ་ཅང་སྟབས་བདེ་པོ་བྱུང་ཡོད། འོན་ཀྱང་དེ་རིང་ང་ཚོས་དེར་འགྱུར་བ་བཏང་བ་རེད། ཅེས་བཀོད་ཡོད་འདུག སོ་མ་རཱ་ཛ་ཁྲིམས་མཐུན་བཟོ་དགོས་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ནི། གཞུང་གིས་ཇི་ལྟར་བཀག་ཐབས་བྱས་ཀྱང་ནི་མི་རྣམས་ཀྱིས་སྤྲོ་སྐྱིད་གཏོང་ཆེད་ད་བར་ཁྲིམས་འགལ་གྱིས་སྤྱོད་བཞིན་ཡོད་པར་བརྟེན། སོ་མ་རཱ་ཛ་དང་འབྲེལ་བའི་ཉེས་དོན་མང་པོ་ཞིག་འབྱུང་གི་ཡོད་པ་དང་། ལྷག་པར་དུ་ལོ་ན་ ༡༨ མ་སོན་པའི་བྱིས་པ་ཚོས་ལག་ཏུ་ལས་སླ་བོར་རག་གི་ཡོད་པ་བཅས་སྔར་ལས་སྟངས་འཛིན་ཡག་པོ་ཡོང་བའི་ཆེད་དུ་དམིགས་པ་ཞིག་ཡིན་འདུག 

སོ་མ་རཱ་ཛའམ་དུག་སོ་མ་རཱ་ཛ་ནི་མྱོས་རྫས་ཀྱི་གྲས་ཤིག་ཡིན་པ་དང་། དེ་རྒྱུན་པར་སྤྱད་ན་གོམས་ལོབ་སུ་ཕྱིན་ཏེ་མཐར་སྤང་མི་ཐུབ་པའི་གནས་སྟངས་ཆགས་ཀྱི་ཡོད་པ་རེད། བོད་པའི་སློབ་གྲྭ་ཁག་དང་མི་མང་ནང་མྱོས་རྫས་དེ་ཚོད་མེད་ལོངས་སྤྱོད་བྱས་ཏེ་གཞོན་ནུ་མང་པོ་ཞིག་གི་མདུན་ལམ་ལ་གནོད་སྐྱོན་བྱུང་སྟེ་མི་ཚེ་འཕྲོ་བརླག་ཏུ་འགྲོ་ཡི་ཡོད་སྟབས། སློབ་གྲྭ་དང་ཚོགས་པ་ཁག་ཅིག་ནས་ཆེད་དུ་མྱོས་རྫས་འགོག་ཐབས་ཀྱི་ཟབ་སྦྱོང་སྤྲད་པ་དང་། ངན་གོམས་བྱུང་བ་རྣམས་ལ་བདག་སྐྱོང་བྱས་ཏེ་གཅོད་ཐབས་སྣ་ཚོགས་བྱེད་བཞིན་ཡོད་པ་རེད། 

ཚེ་རིང་ནོར་བུ།

བསྐྱར་བཅོས།: ༢༠༡༨/༠༦/༢༠

Leave a Reply