བདེ་སྐྱིད་སྐོར་གྱི་སློབ་ཚན་དབུ་འབྱེད་གནང་རྒྱུ་ཡིན།

རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཡོད་པའི་སློབ་གྲྭ་ཁག་གི་སྔོན་འགྲོ་ནས་འཛིན་རིམ་ ༨ བར་གྱི་སློབ་ཚན་ནང་བདེ་སྐྱིད་སྐོར་གྱི་སློབ་ཚན་གསར་འཇུག་གཏན་འབེབ་གནང་ཡོད་འདུགཁ་སང་ལྡི་ལིའི་སྤྱི་ཁྱབ་བློན་ཆེན་གཞོན་པ་དང་ཤེས་རིག་བཀའ་བློན་གཅིག་ལྕོགས་མ་ནི་ཤི་སི་སོ་ཌིའ་ (Manish Sisodia) ལགས་ཀྱིས་གསར་འགོད་ལྷན་ཚོགས་ཤིག་བསྐོངས་ཏེ། འདི་ལོའི་ཕྱི་ཟླ་ ༧ ཚེས་ ༢ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་རྒྱལ་ས་ལྡི་ལིར་ཡོད་པའི་གཞུང་འབྲེལ་སློབ་གྲྭ་ཡོངས་ཀྱི་སྔོན་འགྲོ་ནས་འཛིན་རིམ་ ༨ བར་གྱི་སློབ་ཚན་ནང་བདེ་སྐྱིད་སྐོར་གྱི་སློབ་ཚན་གསར་འཇུག་གཏན་འབེབ་གནང་ཡོད་པ་དབུ་འབྱེད་གནང་རྒྱུ་ཡིན་སྐོར་བསྒྲགས་འདུག

གསར་འགོད་ལྷན་ཚོགས་ཐོག་སྐུ་ཞབས་མ་ནི་ཤི་སི་སོ་ཌིའ་ལགས་ཀྱིས། སློབ་ཚན་འདི་ནི་ད་ལོའི་ཕྱི་ཟླ་ ༡ ནས་མགོ་བཙུགས་ཏེ། ཆེད་ལས་པ་གྲངས་ ༣༥ ནས་ ༤༠ ཙམ་གྱིས་མཉམ་ལས་ཀྱི་ནུས་ཤུགས་བཏོན་ཏེ་རྩོམ་སྒྲིག་གནང་ཡོད་པ་དང་། ཁ་སང་ལྷག་དཀར་ཉིན་མོ་དང་བསྟུན་མཐའ་མའི་འཆར་ཟིན་གཏན་འབེབ་བྱུང་ཡོད་སྐོར་གསུངས་འདུག་ལ། ལྡི་ལི་གཞུང་གི་འཆར་གཞི་ལྟར་ན། བདེ་སྐྱིད་སྐོར་གྱི་སློབ་ཚན་དེ་སློབ་ཕྲུག་འབུམ་ ༨ ལྷག་ཙམ་ལ་འཁྲིད་རྒྱུ་ཡིན་ཞིང་། སློབ་ཚན་དེ་ནི་གཙོ་བོ་སྒོམ་དང་། བཟང་སྤྱོད། དེ་བཞིན་ནང་བསམ་བློ་སྦྱོང་བརྡར་སོགས་ཀྱི་སྐོར་ཡིན་ལ། སློབ་ཚན་དེར་སློབ་ཚན་གཞན་ལྟར་ཡིག་ཚད་གཏོང་རྒྱུ་མེད་ཀྱང་། དུས་ནས་དུས་སུ་སློབ་ཕྲུག་གི་བདེ་སྐྱིད་དང་ཡར་རྒྱས་ལ་ལྟ་ཞིབ་བྱས་ཏེ། མ་འོངས་པར་སློབ་ཕྲུག་རྣམས་མི་བཟང་པོ་ཞིག་ཡོང་བ་དང་། རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་བདེ་སྐྱིད་ཡར་རྒྱས་གཏོང་བའི་དམིགས་ཡུལ་འཛིན་གྱི་ཡོད་འདུག

སྐུ་ཞབས་མ་ནི་ཤི་སི་སོ་ཌི་ལགས་ཀྱིས། ཁོང་ཉེ་སྔོན་ཧ་ཝར་ཌི་སློབ་ཆེན་ནང་ལྟ་སྐོར་དུ་ཕྱིན་སྐབས་སློབ་གླིང་དེར་བདེ་སྐྱིད་ཀྱི་སློབ་ཚན་ཡོད་ཀྱང་འདི་ལྟ་བུའི་གཞི་རྒྱ་ཆེན་པོ་མིན་པ་དང་། རྒྱ་གར་གྱི་ཁྱིམ་མཚེས་རྒྱལ་ཁབ་འབྲུག་གིས་ཀྱང་བདེ་སྐྱིད་ཀྱི་བློན་ཆེན་ལྷན་ཁང་ཟུར་འཛུགས་ཀྱིས་འབངས་ཀྱི་བདེ་སྐྱིད་ལ་དོ་འཁུར་ཆེན་པོ་གནང་བཞིན་ཡོད་པ་ལྟར། ང་ཚོས་ཀྱང་གཞི་རིམ་ནས་མགོ་བཙུགས་ཏེ་ནུས་ཤུགས་སྤུངས་ཐུབ་ན་གང་ཟག་སྒེར་ཡིན་ན་འདྲ། སྤྱི་ཚོགས་དང་རྒྱལ་ཁབ་ཁྱོན་ཡོངས་ལའང་ཕན་ཐོགས་འབྱུང་ངེས་ཡིན་སྐོར་གསུངས་འདུག

ཕྱི་ལོ་ ༢༠༡༧ ལོའི་འཛམ་གླིང་བདེ་སྐྱིད་ཀྱི་སྙན་ཐོའི་ནང་ཁྱོན་རྒྱལ་ཁབ་ ༡༥༥ ཡོད་པ་ལས་རྒྱ་གར་ ༡༢༢ པ་དེ་ཆགས་ཡོད་པ་དང་། སྙན་ཐོ་དེའི་ནང་རྒྱ་གར་ནང་གཞི་རིམ་ནས་བཟུང་སྟེ་བདེ་སྐྱིད་ཀྱི་སློབ་ཚན་དགོས་ལུགས་ཀྱང་བཀོད་ཡོད་ལ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དུས་རྒྱུན་རྒྱ་གར་གྱི་གཙོས་འཛམ་གླིང་རྒྱལ་ཁབ་ཁག་གི་ནང་བཀའ་སློབ་གནང་སྐབས། དེང་དུས་ཀྱི་སློབ་ཚན་ཁག་གི་ནང་ཕྱི་དངོས་པོའི་ཡར་རྒྱས་སྐོར་མང་པོ་ཡོད་པ་ལྟར་ཡག་པོ་ཆགས་ཡོད་ཀྱང་། ད་ལྟ་འཛམ་གླིང་ནང་ཡོང་བཞིན་པའི་དཀའ་རྙོག་མང་པོའི་རྐྱེན་རྩ་ནང་སེམས་ཀྱི་སློབ་གསོ་ཞན་དྲགས་པར་ཐུག་ཡོད་སྟབས། དེང་དུས་ཀྱི་སློབ་ཚན་དུ་ནང་སེམས་ཀྱི་སློབ་གསོ་གསར་འཇུག་དགོས་པ་གལ་ཆེན་པོ་ཆགས་ཡོད་སྐོར་བཀའ་སློབ་རབས་དང་རིམ་པར་གནང་བཞིན་ཡོད་པ་རེད།

ཚེ་རིང་ནོར་བུ།

བསྐྱར་བཅོས།: ༢༠༡༨/༠༦/༢༡

Leave a Reply