བྱིས་སློབ་ཁྲོད་ཀྱི་སྒོར་མོའི་སློབ་གསོའི་སྐོར་གླེང་བ།

    གུ་རུ་འོད་གསལ་གྱིས་རྩོམ་བསྒྱུར་བྱས།

    ལོ་གསར་གྱི་སྐབས་སུ་བྱིས་པ་ཚོར་གཞན་ཚོས་སྒོར་མོ་མང་པོ་གནང་བྱུང་བས་ངས་ཚོད་ལྟའི་ཚུལ་གྱིས་སྒོར་མོ་དང་འབྲེལ་བའི་སློབ་གསོ་བཤད་འདོད་བྱུང་སོང་། བོད་ཀྱི་བྱིས་པ་ཚོར་ཆུང་དུས་ནས་མི་འདང་བའི་སློབ་གསོ་གཉིས་ཡོད་དེ། དེ་ནི་སྒོར་མོའི་སློབ་གསོ(金钱教育)དང་ཕ་སྐད་སློབ་གསོ(母语教育)ཡིན། སྔ་མ་འཚོ་གནས་ལ་འབྲེལ་ཡོད་པ་དང་། ཕྱི་མ་མི་ཞིག་གསོན་པའི་སྙིང་བོ་དང་ཤེས་རྟོགས་ཆོས་ཉིད་ཀྱི་འཕེལ་རྒྱས་ལ་འབྲེལ་བ་ཟབ་མོ་ཡོད་དོ།། སྐབས་བབ་ཀྱི་གླེང་བྱ་ནི་སྔ་མ་སྟེ། སྒོར་མོའི་སློབ་གསོ་ཡིན།

གཅིག

    ༢༠༡༨ལོའི་ཟླ་གཉིས་པའི་ཚེས་བཅུ་ཡི་ཉིན་མོ་དེར། མིང་ལ་རང་དབང་དོན་འགྲུབ་ཟེར་བའི་འཕྲིན་གྲོགས་ཤིག་གིས་སྡུག་གི་སྨེ་ངག་ཤུམ་ཤུམ་གྱིས“ངས་དཀའ་བ་བརྒྱ་ཕྲག་སྤྱད་ནས་གསོག་པའི་སྒོར་མོ་ཁྲི་ལྔ་བཅུ་རང་གི་བུ་མོས་བརྐུས་ཏེ། ཤུལ་ན་ཟུར་གཅིག་ཀྱང་ལྷག་མི་འདུག”ཅེས་འཕྲིན་ཕྲན་སྒང་དུ་སྤེལ་ཞིང་། འཕྲིན་གྲོགས་འདི་ནི་ཕ་ཡུལ་ཐེམ་ཆེན་གྱི་བཀྲ་ཤིས་བསྟན་རྡོ་ཡིན་པ་དང་ཁོའི་བུ་མོ་ད་ལྟ་ལོ་བཅོ་བརྒྱད་ལ་སོན་མ་ཐག་རེད།

   བུ་མོ་ལོ་ན་ཆུང་དུས་སུ་བཀྲ་ཤིས་བསྟན་རྡོ་ཆུང་མ་དང་བཟའ་འཐོར་བྱུང་རྗེས། རང་གི་བུ་མོ་ཡག་པོར་སྙོར་དགོས་བསམ་ནས་ཡ་ཐོད་ཀྱི་མིག་དང་ཡ་ཆུང་གི་སྙིང་བཞིན་གཅེས་སྐྱོང་གང་ལེགས་བྱས། ད་ལྟའི་བར་དུ་རང་གི་བུ་མོས་བཤད་པ་ཅི་ཡིན་ཡང་བུ་མོའི་འདོད་ཐོག་ལ་མ་བཞག་པའི་བྱ་བ་གཅིག་ཀྱང་མེད།

    སྤྱི་ལོ༢༠༡༧ལོར་བུ་མོས་རྒྱ་ནང་དུ་སློབ་གྲྭ་འགྲིམ་འདོད་ཀྱི་འདུན་པ་ཨ་ཕར་བཤད་པ་དང་། བཀྲ་ཤིས་བསྟན་རྡོས་མ་འགྲོ་མི་ཆོག་གི་སྐད་ཆ་གཅིག་ཀྱང་མ་བཤད་པར་ཁས་ལེན་བྱས། “དངུལ་བྱང་འདིའི་ནང་དུ་ངས་སྒོར་མོ་ཁྲི་ལྔ་བཅུ་གསོག་ཡོད་ལ། ཨ་ཕས་ཟླ་བ་རེ་རེར་ཁྱོད་ལ་སྒོར་མོ་བསྐུར་ངེས་ཡིན།”ཞེས་བཤད། ལོ་མཇུག་ཏུ་ཐོན་རྗེས་བཀྲ་ཤིས་བསྟན་རྡོའི་བུ་མོ་རྒྱ་ནང་དུ་སློབ་གྲྭར་བུད་སོང་། གཟའ་འཁོར་གཅིག་ཙམ་འགོར་རྗེས། བཀྲ་ཤིས་བསྟན་རྡོས་ས་བཙལ་རྡོ་བཙལ་བྱས་ཀྱང་རང་གི་དངུལ་བྱང་རྙེད་མ་བྱུང་། དེ་མ་ཐག་དངུལ་ཁང་དུ་སོང་ནས་རྩད་ཞིབ་བྱ་དུས། སྒོར་མོ་ཚང་མ་རང་གི་བུ་མོའི་མིང་ཐོག་ཏུ་བསྐུར་འདུག

    “ངའི་བུ་མོ་སློབ་གྲྭར་སོང་ནས་མིང་ཐོ་བཀོད་མེད་པར་མ་ཟད། ཧང་ཀྲོའུ་གྲོང་ཁྱེར་དུ་སྐྱལ་སྟོང་ཀླད་སྟོང་ཚོར་འགྲོགས་ཏེ་རྒྱས་ཟ་རྒྱས་འཐུང་བྱས་ནས། པོད་ཕྲད་དང་འཕྲིན་ཕྲན་སྒང་དུ་ཅི་འདོད་གང་དྲན་གྱིས་སྤེལ་གྱིན་མཆིས།”

    བཀྲ་ཤིས་བསྟན་རྡོས་འཕྲིན་ཕྲན་ནང་ནས་རང་གི་བུ་མོར་ཞུ་བ་བྱས་ཏེ། “གལ་ཏེ་ཁྱོད་ཀྱིས་སྒོར་མོ་ཕྱིར་སྟེར་རྒྱུ་མིན་ཚེ། ང་ལ་འཆི་ལམ་ལས་ཅི་ཡང་ལྷག་མི་འདུག །ཁྱོད་ཀྱིས་བརླག་གིན་པ་འདི་ངས་སེན་མགོ་ཁྲག་དང་སེན་གཏིང་གནག་བྱས་ནས་བཙལ་བའི་སྒོར་མོ་ཡིན།” ཅུང་ཙམ་གྱི་རྗེས་སུ་བུ་མོས་ཁོ་རང་མིང་ནག་ཏུ་དེད་ནས་འཕྲིན་ཡིག་གཅིག་ཀྱང་བསྐུར་མ་ཐུབ།

གཉིས།

    ༢༠༡༧ལོའི་ཟླ་བཅུ་བའི་ཚེས་ལྔ་ཉིན། བཀྲ་ཤིས་མཚོ་མོ་ལ་དངུལ་ཁང་གི་བརྡ་འཕྲིན་འབྱོར་ནས། “ཁྱོད་ཀྱི་དངུལ་བྱང་ལས་སྒོར་མོ་སྟོང་ལྔ་བཏང་བྱུང་།”ཟེར། དེ་མ་ཐག་བཀྲ་ཤིས་མཚོ་མོས་དངུལ་བྱང་གཞན་གྱིས་བརྐུས་བྱུང་བར་བསམ་ནས་དངུལ་ཁང་དུ་སོང་སྟེ། འགྲོ་སོང་ཞིབ་ཕྲའི་རྩིས་ཐོ་བླངས། རྩིས་ཐོར་བལྟས་མ་ཐག་ཁོ་མོ་ཧ་ལས་ཤིང་ཧང་སང་བར་བྱས། ཟླ་བ་གསུམ་གྱི་རིང་ལ་ཁོ་མོའི་དངུལ་བྱང་ལས་དངུལ་བྱང་ཨང་གྲངས་གཅིག་གི་སྟེང་ལ་སྒོར་མོ་ཁྲི་ལྔ་ལྷག་བསྐུར་འདུག །དངུལ་ཁང་གི་ལས་བཟོ་མི་སྣས་དངུལ་བྱང་གཞན་གྱིས་བརྐུས་པ་མིན་པར་ཐག་བཅད་རྗེས། ཁོ་མོས་ད་ལྟ་མཐོ་འབྲིང་འགྲིམ་གྱིན་པའི་རང་གི་བྱིས་པ་ཡིད་ལ་ཤར་བྱུང་། ཁོས་དུས་རྒྱུན་དུ་མོའི་ཁ་པར་ཁྱེར་ནས་རྩེད་ཀྱིན་ཡོད། ཁོ་མོ་ཕྱིར་ཁྱིམ་ལ་ཐོན་རྗེས་ཁ་སྤོ་ཁ་ནས་ལངས་ཤིང་ཞེ་སྤོ་གཏིང་ནས་ལངས་ཏེ། ཁོང་ཁྲོ་དྲག་པོས་རང་གི་བུ་ལ་དྲིས་པ་ན། བུ་ཡིས་ཀྱང“ངས་བསྐུར་བ་ཡིན།”ཞེས་ཁས་ལེན་བྱས་སོང་།

    བཀྲ་ཤིས་མཚོ་མོས“སྒོར་མོ་གང་དུ་ཡོད་མེད་དྲིས་དུས།”

    བུ་ཡིས“སྒོར་མོ་ཚང་མ་ཐད་གཏོང་བྱེད་ཀྱིན་པའི་བུ་མོ་ཞིག་ལ་བྱིན་བཏང་།”ཟེར།

    བུ་དྲྭ་སྟེང་གི་ཐད་གཏོང་བྱེད་མཁན་བུ་མོར་ཡིད་སེམས་ཤོར་བ་དང་། དུས་ཚོད་ངེས་མེད་དུ་བུ་མོའི་ཐད་གཏོང་བྱེད་དུས་སྒོར་མོ་བྱིན་པ་རེད།

གསུམ།

    གཏམ་རྒྱུད་འདི་གཉིས་བཤད་དོན་གྱི་རྒྱུ་མཚན་གཙོ་བོ་དེ། ད་ལྟའི་དངོས་ཡོད་སྤྱི་ཚོགས་ཀྱི་ཁྲོད་ནས་དོན་དག་འདི་ལྟ་བུ་མང་པོ་འབྱུང་བཞིན་ཡོད་པ་དང་བོད་ཡུལ་གྱི་ས་ཆ་སོ་སོའང་དེ་ལས་མ་འདས། དེ་བས་ངས་ཅི་མྱུར་གང་མགྱོགས་སྒོས་སྒོར་མོའི་སློབ་གསོ་ཞེས་པ་འདི་བཤད་འདོད་སྐྱེས་བྱུང་། བོད་པ་མང་པོས་སྒོར་མོ་ཟེར་དུས་ཅི་ཡང་མིན་མདོག་ཅིག་བཤད་ནའང་། གནད་ལ་ཐོན་དུས་ངོ་ཚ་དགོས་པའི་དོན་དག་མང་པོ་བྱུང་བཞིན་ཡོད་པས་ན། ནམ་ཞིག་ཐང་གི་རྡོ་བླངས་ནས་རུམ་གྱི་བྲོ་མི་ལྷུང་བའི་རེ་བ་བཟུང་སྟེ། གནད་དོན་འདི་འདྲ་ཞིག་བཤད་འདོད་སྐྱེས་བྱུང་ལ། འདི་ཡང་བོད་ཀྱི་བྱིས་སྐྱོང་སློབ་གསོའི་ཕྱོགས་ནས་དགེ་བའི་རྒྱུ་རུ་འགྱུར་བའི་བཀྲ་ཤིས་སྨོན་འདུན་ཡོད།

    བོད་ཀྱི་ལེགས་བཤད་ཅིག་ཏུ“ཕྱུག་པོ་ཀླ་ཀློ་ལ་ཡང་ཡོད།”ཟེར་བ་མིན་ནམ། འཇར་མན་གྱི་བུད་མེད་སློབ་གསོ་བ་ཨན་གྷི་ལ་མེར་ཁེལ་ལགས་ཀྱིས“སྒོར་མོའི་སློབ་གསོ་ནི་མི་ཚེའི་ནང་ངེས་པར་སྦྱོང་དགོས་པའི་སློབ་ཁྲིད་ཅིག་ཡིན་པ་དང་སྒོར་མོ་ནི་ཁྱིམ་ཚང་ཞིག་གི་ལྟེ་བ་ཡིན་པ་ཇི་བཞིན་དུ། བྱིས་པའི་སློབ་གསོའི་ལྟེ་བའང་ཡིན།”ཅེས་གསུངས་ཡོད། འོན་ཀྱང་། བོད་པ་ཚོ་སྒོར་མོ་གླེང་བར་ངོ་ཚ་བ་དང་སྒོར་མོ་གླེང་བ་ནི་སེར་སྣ་ཆེ་བར་བསམ་པས། དུས་རྒྱུན་དུ་ཟས་རིན་སུས་སྟེར་ལའང་རྩོད་གཞི་འབྱུང་བ་མིན་ནམ། དེ་བས་བོད་ཀྱི་ཁྱིམ་བདག་ཚོས་བྱིས་པ་རྣམས་ལ་སྒོར་མོའི་ཕྱོགས་ཀྱི་ཤེས་བྱ་སྤྲོད་མཁན་ཧ་ཅང་ཉུང་ཉུང་ཡིན།

    སྒོར་མོ་མེད་པའི་སློབ་གསོའི་འོག་ནར་སོན་པའི་བྱིས་པ་ཚོས། སྒོར་མོ་ལ་ངོས་ཟིན་དང་རྒྱུས་ལོན་ཡག་པོ་མེད་པར་མ་ཟད། སྒོར་མོ་དང་མི་ཚེ་དབར་གྱི་འབྲེལ་བ་ཤེས་ཐུབ་ཀྱི་མེད། དེ་བས་སྒོར་མོའི་ཆེད་དུ་སེམས་ཁུར་བྱེད་པ་དང་སུན་སྣང་སྐྱེ་བ། ཐ་ན་སྒོར་མོའི་ཆེད་དུ་མི་ཚེ་བརླག་པའང་ཧ་ཅང་མང་ངོ་།། དེར་བརྟེན། སྒོར་མོའི་སློབ་གསོ་ཞེས་པ་མདོར་དེད་ན་བདེ་སྐྱིད་སློབ་གསོ་དང་མི་གཞི་སློབ་གསོ་སྟེ། མི་ཞིག་གི་སྒོར་མོའི་ལྟ་བ་དེས་ཁོའི་མི་ཚེ་ལ་ཤུགས་རྐྱེན་ཐེབས་པས་ན། ངས་དེ་རིང་སྒོར་མོའི་སློབ་གསོ་བཤད་དགོས་པའི་རྒྱུ་མཚན་གཙོ་བོའང་དེ་ཡིན།

བཞི།

    སྒོར་མོའི་སློབ་གསོའི་གོམ་པ་དང་པོ། སྒོར་མོ་དེ་གང་ནས་ཡོང་བ་བྱིས་པར་ཤེས་སུ་འཇུག་དགོས།

    དཔྱིད་གསར་དུས་ཆེན་སྐབས་སུ། ང་རང་གྲོགས་མོ་ཚང་དུ་ལོ་གསར་མཚམས་འདྲིར་སོང་བ་ཡིན། ལོ་དགུ་ཡས་མས་ཅན་གྱི་བུ་ཆུང་ཞིག་གིས་ཁྱིམ་གྱི་ཡ་ལོག་ན་ཨ་ཕད(ipad)རྩེད་ཀྱིན་ཁོའི་ཨ་མར་སྒོར་མོ་བསླངས་བྱུང་། 

    “ཨ་མ། ངས་འདི་ཉོ་ན་འདོད་ཀི”

    གྲོགས་མོས།“མི་ཉོ། རིན་གོང་མཐོན་པོ་རེད།”

    བུ་ཆུང་གིས།“སེར་སྣ་ཆེ་བ་ལ།”

    གྲོགས་མོས།“ཨ་མས་སྒོར་མོ་བཙལ་རྒྱུ་ལས་སླ་མོ་མ་རེད།”ཅེས་པར།

    བུ་ཆུང་གིས“ཤོབ་མ་བཤད།”ཟེར།

    གྲོགས་མོས“ཤོབ་བཤད་ལས་ཅི། ཁྱོད་ཀྱིས་སྒོར་མོ་ཇི་ལྟར་ཡོང་བ་ཤེས་སམ།”ཞེས་དྲིས་པར།

    བུ་ཆུང་གིས“ཁ་པར་ནང་ནས་ཡོང་ནི་རེད།”ཟེར། ཡང་བསྐྱར“ཡ། མ་རེད་དམ། ཁྱོད་ཀྱིས་དངོས་པོ་ཅི་ཉོ་ཡང་ཁ་པར་སྤྱོད་པ་མིན་ནམ།”ཟེར།

    ད་ལྟའི་བྱིས་པ་མང་པོ་ཞིག་བུ་ཆུང་དེ་ནང་བཞིན་སྒོར་མོའི་ཡོང་ཁུངས་མི་ཤེས་ལ། སྡོང་མགོ་ནས་ལྷུང་བའམ་ཁ་པར་ལས་ཡོང་བ། ཡང་ན་དངུལ་བྱུང་ལས་བླངས་པ་ཡིན་པར་འདོད་ཡོད། དེ་བས་སྒོར་མོའི་སློབ་གསོའི་གོམ་དང་པོ་དེ་སྒོར་མོ་གང་ནས་ཡོང་བ་བྱིས་པར་ཤེས་སུ་འཇུག་དགོས།

    དོན་དག་འདི་ལག་ལེན་བྱེད་ཚེ་བྱ་བ་གཉིས་ཡོད་དེ། དང་པོ་ནི་བྱིས་པ་ཁྲིད་ནས་རང་གི་བྱ་བའི་ཁོར་ཡུག་ལ་ལྟ་རུ་འཇུག་པ་དང་། གཉིས་པ་ནི་སྤྱི་ཚོགས་ཀྱི་བྱ་བ་སོ་སོ་བྱིས་པས་རྒྱུས་ལོན་དུ་འཇུག་པའོ།། བྱ་བ་འདི་གཉིས་གྲུབ་རྗེས། ངལ་རྩོལ་གྱིས་གཟོད་རྒྱུ་ནོར་འཚོལ་ཐུབ་ལ། སྒོར་མོ་ནི་དཀའ་ཚེགས་ཆེ་བའི་ངལ་རྩོལ་ལ་བརྗེས་ནས་བྱུང་བ་དང་། དཀའ་ཚེགས་ཆེ་བའི་ངལ་རྩོལ་བྱས་རྗེས་གླ་ཆ་ཡོད་པའི་གནས་ལུགས་བྱིས་པར་བཤད་དགོས།

    ལྔ།

    སྒོར་མོའི་སློབ་གསོའི་གོམ་པ་གཉིས་པ། སྒོར་མོ་ཐོབ་སླ་བོ་མིན་པ་བྱིས་པར་བཤད་དགོས།

    ཟླ་བ་སྔོན་མར་ཕ་ཡུལ་རྔ་བ་ནས་ཡིན་པའི་ཨ་མ་ཞིག་གིས་བཙན་པོ་ཚང་གི་དྲྭ་སྟེང་དུ་བྱིས་པ་གཉོར་སྐྱོང་གི་ཉམས་མྱོང་གསེར་འདྲ་བ་ཞིག་བརྗོད་པར་ཀུན་གྱིས་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་བཞིན་མཆིས། དོན་དེ་འདི་ལྟར། ཉིན་ཞིག་གི་སྔ་དྲོར་ལོ་ལྔ་སོན་པའི་བུ་མོ་སློབ་གྲྭར་འགྲོ་མ་འདོད་པར་ཨ མས་ཀྱང་ཨུ་ཚུགས་མ་བྱས། དེ་ནས་མོས་བུ་མོ་ཁྲིད་དེ་འགྱིག་དམ(瓶子)འཐུས་ནས་སྒོར་མོར་བརྗེ་བའི་ཐབས་ཤིག་དྲན་ཞིང་དེ་ལག་ལེན་བྱས། ཁོང་མ་བུ་གཉིས་ཀ་སྲིང་ལམ་ཆེ་ཆུང་ཀུན་པོར་ཉུལ་དེ་གྲོང་ཁྱེར་གྱི་མཐའ་ཙམ་ལ་སླེབས་དུས་ཉིན་གུང་ཡོལ་འདུག་ལ། དེ་རུ་གླ་གཏོང་རླངས་འཁོར་རེ་འགའ་ལས་དོང་འཁོར་དང་སྤྱི་སྤྱོད་རླངས་འཁོར་གཅིག་ཀྱང་མེད། སྔ་དྲོར་ཁོང་གཉིས་ཀས་འཐུས་པའི་འགྱིག་དམ་ཁུག་མ་གཉིས་པོ་བཙོང་རྗེས་སྒོར་མོ་བཞི་ཡོད།

    བུ་མོས་ཕོ་བ་ལྟོགས་ནས་ཐུག་པ་ཟ་འདོད་སྐྱེས། ཨ་མས“ཐུག་པ་དཀར་ཡོལ་གང་སྒོར་བཅུ་གཉིས་རེད། ཁྱོད་ཀྱི་སྒོར་མོས་འདང་ངམ།”ཟེར།

    བུ་མོས་སྒོར་མོ་རྩིས་རྗེས“མི་འདང་གི” 

    བུ་མོ་སྐོམ་ནས་འཁྱག་ཞོ་ཟ་འདོད་སྐྱེས། ཨ་མས“འཁྱག་ཞོ་གཅིག་སྒོར་དྲུག་རེད། ཁྱོད་ཀྱི་སྒོར་མོས་འདང་ངམ།”ཟེར།

    བུ་མོས་སྒོར་མོ་རྩིས་རྗེས“མི་འདང་གི”

    བུ་མོ་ཐང་ཆད་ནས་ཕྱིར་ཁྱིམ་ལ་འགྲོ་ཟེར། ཨ་མས“གླ་གཏོང་ལ་བསྡད་ན་སྒོར་བཅུ་རེད། ཁྱོད་ཀྱི་སྒོར་མོ་འདང་ངམ།”ཟེར།

    བུ་མོས་སྒོར་མོ་རྩིས་རྗེས“མི་འདང་གི”

    དེ་ནས་ཨ་བུ་གཉིས་ཀས་རྐང་ལམ་རྒྱབ་ནས་ཕྱིར་སོང་། ཁྱིམ་ལ་ཐོན་དུས་བུ་མོ་ཧ་ཅང་ཐང་ཆད་འདུག །བུ་མོས་ཨ་མར་བཤད་པའི་སྐད་ཆ་དང་པོ་དེ“སང་ཉིན་ང་སློབ་གྲྭར་འགྲོ་རྒྱུ་ཡིན།”ཟེར་བ་དང་དེ་ནས“ཨ་མ། སྒོར་མོ་བཙལ་རྒྱུ་ངོ་མ་དཀའ་མོ་རེད་ཡ།”ཟེར། ཁ་བཤད་ཆུ་ཡི་ཝུ་བ། ལག་ལེན་གསེར་གྱི་ཐིག་པ་ཞེས་པ་ཇི་བཞིན། གལ་ཏེ་ཨ་མས་རང་གི་བུ་མོར་སློབ་གྲྭ་འགྲོ་དགོས་རབས་དང་སྒོར་མོ་བཙལ་རྒྱུ་ཧ་ཅང་དཀའ་མོ་ཡིན་པ་བཤད་ཚེ། བུ་མོའི་སེམས་སུ་ངེས་ཁག་པོ་ཡིན་ངེས་མོད། ལག་ལེན་དེ་ཙམ་གྱིས་བུ་མོར་གནས་ལུགས་ཆེན་པོ་སྤྲད་སོང་བ་རེད།

    བྱིས་པ་ཞིག་ལ་མཚོན་ན། ལས་གླ་ལེན་པའི་ངལ་རྩོལ་གྱི་དཀའ་ཁག་དང་དངོས་པོ་ཞིག་ཉོས་ན་སྒོར་མོ་ཅི་ཙམ་མཁོ་བ་སོགས་ཀྱི་ངེས་ཤེས་ཕལ་ཆེར་ཡོད་རྒྱུ་མ་རེད། དེ་བས་བྱིས་པར་སྒོར་མོའི་སློབ་གསོ་བྱེད་དུས། གོང་གི་ཨ་མ་དེ་ནང་བཞིན་གྱི་འཆར་གཞི་བཟོ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དེ་འདྲ་ཡིན་ན་བྱིས་པ་ཚོས་སྒོར་མོ་གྲོན་ཆུང་བྱེད་ཤེས་པར་མ་ཟད། ཕ་མ་དང་གཞན་གྱི་ངལ་རྩོལ་འབྲས་བུ་ལ་བརྩི་བཀུར་བྱེད་ཤེས་པ་ཡིན།

དྲུག

    སྒོར་མོའི་སློབ་གསོའི་གོམ་པ་གསུམ་པ། ཡོང་སྒོ་ཚང་མ་རང་གཅིག་པུས་སྤྱོད་མི་རུང་བ་བྱིས་པས་ཤེས་དགོས།

    འདིའི་ཐད་ནས་ངའི་གྲོགས་པོ་རྡོ་གྲགས་ཀྱིས་དཔེ་བཟང་བོ་བསྟན་འདུག །ཁོང་ཚང་གིས་ཟླ་རེར་ཁྱིམ་ཚང་ཚོགས་འདུ་རེ་བསྡུས་ཏེ། ཟླ་བ་དེར་ཁྱོད་ལ་ཧ་ཅང་མཁོ་བའི་དངོས་པོ་ཅི་ཡིན་ཁྱིམ་མི་ཚང་མ་ཚོགས་ནས་བཤད་པ་དང། ཨ་ཕས“ང་ལ་ལྕགས་རྟ་ཞིག་དགོས།”ཟེར། ཨ་མས“ང་ལ་རྩལ་སྦྱོང་བྱང་བུ་ཞིག་དགོས།”ཟེར། ཕུ་བོས“ང་བོད་འགྱིག་སློབ་ཏུ་འགྲོ་ན་འདོད།”ཟེར། ནུ་བོས“ང་ལ་ལག་འདོགས་ཁ་པར་ཞིག་དགོས།”ཟེར།

    དེ་ནས་ཁྱིམ་མི་ཚང་མས་ཟླ་འདིར་སུའི་བསམ་ཚུལ་སྐོང་དགོས་པར་གྲོས་མོལ་གང་མང་བྱས་མཐར། མང་ཁ་ཉུང་ལེན་གྱིས་ཕུ་བོས་བོད་འགྱིག་སློབ་རྒྱུ་ཟླ་འདིའི་དོན་དག་གལ་ཆེན་དུ་བརྩིས་ཏེ། ཕུ་བོའི་འདོད་པ་སྐོང་རྒྱུ་བྱས། དོན་འདིའི་ཐད་ནས་གྲོགས་པོ་རྡོ་གྲགས་ཀྱིས“ཁྱིམ་ཚང་འཚོགས་པའི་དམིགས་ཡུལ་དེ། བྱིས་པར་ཡོང་སྒོ་ཚང་མ་རང་གཅིག་པུས་སྤྱོད་མི་རུང་བར། ཁྱིམ་མི་ཚང་མས་སྤྱོད་དགོས་ལ། ང་ཚོ་སུ་ཡིན་ཡང་ཧམ་པ་ཆེན་པོས་ཅི་འདོད་གང་དྲན་བྱེད་མི་རུང་བའི་གནས་ལུགས་བྱིས་པར་བཤད་འདོད་པ་ཡིན།”ཟེར།

    བྱིས་པར་སྒོར་མོའི་སློབ་གསོ་བྱེད་པའི་སྐབས་སུ་རབ་ཡིན་ན། རྡོ་གྲགས་ཇི་བཞིན་མང་ཁ་ཉུང་ལེན་གྱི་གྲོས་མོལ་བྱ་འགུལ་གྱི་འཆར་གཞི་རེ་འཐེན་ན་ཧ་ཅང་ལེགས་ཏེ། ཡོང་སྒོ་ནི་ཁྱིམ་མི་ཚང་མའི་སྤྱོད་དགོས་པ་ལས། རང་གཅིག་པུས་གང་འདོད་ཀྱིས་སྤྱད་ཚེ་གཞན་གྱི་འཚོ་བར་ཤུགས་རྐྱེན་ཐེབས་འགྲོ་བའི་གནས་ལུགས་ཤེས་སུ་འཇུག་དགོས་སོ།།

བདུན།

    སྒོར་མོའི་སློབ་གསོའི་གོམ་པ་བཞི་བ། སྒོར་མོའི་ཡོང་ཁུངས་གཙང་དགོས་པ་བྱིས་པས་ཤེས་དགོས།

    ལོ་མང་སྔོན་ལ་མཚོ་སྔོན་པའི་མཐའ་འཁོར་དུ་བཟོ་གྲྭ་ཞིག་ཡོད་པ་དེ་རུ་ལྕགས་རིགས་མང་པོ་མཆིས། ཁྱིམ་བདག་མང་པོས“ལྕགས་འགའ་འཐུས་ནས་ཤོག་ར་སྒོར་མོར་བརྗེ་ཐུབ་ནི་རེད།”ཅེས་བྱིས་པར་ངན་སྐུལ་བྱེད། འཐུས་ཞེས་བཤད་མོད་ཀྱང་དོན་དུ་བརྐུས་པ་རེད། ཁྱིམ་བདག་མང་པོས“བྱིས་པ་ཡིན་པས། བཟུང་ནའང་ཅང་བྱེད་ནི་མ་རེད།”ཟེར་བས་ལྕགས་རིགས་བརྐུ་མཁན་གྱི་བྱིས་པ་ཧ་ཅང་མང་།

    རུ་སྐོར་ཁྱིམ་མཚིས་ཚང་གི་བྱིས་པ་ཚང་མས་འདི་ལྟར་འཁྱེར་བཞིན་པ་མཐོང་བས་ངས་ཀྱང་རེ་འགའ་བརྐུས་ནས་བཙོང་བ་ཡིན། ཕྱིར་ཁྱིམ་ལ་ཐོན་ནས་དགའ་ཁོམ་མ་ཕྱིན་པར་ཨ་ཕས་དབྱིག་པ་ཞིག་བཟུང་སྟེ་གཟས་ནས་ཐོན་བྱུང་། ངའི་འཕོང་མགོར་དབྱིག་པས་ལན་འགར་གཞུས་རྗེས་ང་མཆོད་ཁང་དུ་དྲུད་ནས་པུས་མོ་སར་འཛུག་ཏུ་བཅུག་ཅིང་། “འུ་ཚང་གིས་ཕ་མེས་ཡང་མེས་རིང་ལ་བརྐུས་ཤིག་བྱེད་མ་མྱོང་། ད་སྐབས་ད་བརྐུ་བྱེད་པའི་ཚད་དུ་ལྷུང་ཡོད་དམ།”ཟེར་ནས་ཁོང་ཁྲོ་དྲག་པོ་ལངས་ཤིང་མིག་ཆུ་ལྷུང་བྱུང་། ལོ་དེར་ང་ལོ་བརྒྱད་ཡིན་ལ། དེ་ནི་ངས་མཐོང་བའི་ཨ་ཕ་ངུ་བཞིན་པ་ཐོག་མ་ཡིན་ལ་ཨ་ཕས་ང་ལ་གཅར་བའང་ཐེངས་དང་པོ་ཡིན།

    ཐེངས་དེའི་ཉམས་མྱོང་ཟབ་མོ་དེས་སྒོར་མོའི་ཡོང་ཁུངས་གཙང་དགོས་ཞེས་པ་ངས་ཧ་གོ་ཡོད། དེ་ནས་བཟུང་སྟེ་ལས་ཀ་དེ་རིགས་གཏན་ནས་བྱེད་མ་མྱོང་། དེང་སྐབས་ནག་ཚོང་རྒྱུགས་ཆེ་ལ། སྨད་ཚོང་མ་མང་བ་དང་རུལ་སུངས་དཔོན་པོ་མང་བའི་རྒྱུ་མཚན་གཙོ་བོ་ནི་ཆུང་དུས་སུ་སྒོར་མོའི་ཡོང་ཁུངས་གཙང་དགོས་ཞེས་པ་ལྟ་བུའི་སྒོར་མོའི་སློབ་གསོ་མེད་སོང་བས་ཡིན་རྒྱུ་རེད། དེ་བས། ཕ་མ་རྣམས་ཀྱིས་བྱིས་པར་སྒོར་མོའི་སློབ་གསོ་བྱ་དུས་ང་ཚོས་ཐབས་ལམ་མང་པོ་སྤྱད་ནས་སྒོར་མོའི་ཡོང་ཁུངས་གཙང་དགོས་པའི་གནས་ལུགས་ཡང་དང་བསྐྱར་དུ་བཤད་དགོས།

    སྒོར་མོའི་ཆེད་དུ་རང་ལུས་འཚོང་བ་དང་སྒོར་མོའི་ཆེད་དུ་རྒྱུ་འབྲས་དོར་བ། སྒོར་མོའི་ཆེད་དུ་དྲང་བདེན་འབོར་བ་དང་སྒོར་མོའི་ཆེད་དུ་དཔྱོད་ཤེས་སྐྱུར་བ་ནི་གཏན་ནས་མི་རུང་ངོ་།།

བརྒྱད།

    སྒོར་མོའི་སློབ་གསོའི་གོམ་པ་ལྔ་བ། ལག་སྒོར་ཙག་ཙིག་བྱིས་པར་སྟེར་དགོས།

    དེང་སང་དྲྭ་སྟེང་དུ“བྱིས་པས་བརྐུ་བྱེད་པ།”ཞེས་བཙལ་བ་ཡིན་ན། རྒྱ་ཡིག་གི་ལམ་ནས“བྱིས་པས་བརྐུ་བྱས་ན་ཅི་བྱེད་དང་བྱིས་པས་བརྐུ་བྱེད་པ་ཇི་ལྟར་ཐག་གཅད་བྱ”སོགས་ཀྱི་དྲི་བ། དོགས་གཞི། ཐེ་ཚོད་མང་པོ་ཡོད་ལ། དེའང་ཁྱིམ་བདག་རྣམས་ཀྱི་སྡུག་གཏམ་དང་ཡིད་ཆད་ཀྱི་གནས་བབས་བརྗོད་པ་ལས“བྱིས་པས་བརྐུ་བྱེད་པའི་རྒྱུ་མཚན།”འདྲི་མཁན་ཧ་ཅང་ཉུང་ངོ་།།

    བྱིས་པས་བརྐུ་བྱེད་པའི་རྒྱུ་མཚན་ལ། བྱིས་པ་ཞིག་གིས་ལན་བཏབ་པ་གཤམ་གསལ་ལྟར།“ང་རང་ལོ་རིམ་བཞི་བ་ལྔ་བ་ནས་སྒོར་མོ་བརྐུ་མགོ་བརྩམས་ཤིང། ཐེངས་རེར་སྒོར་མོ་བཅུ་ཕྲག་འགའ་བརྐུས་པ་ཡིན། ངས་སྒོར་མོ་བརྐུ་བའི་རྒྱུ་མཚན་ནི་ཁྱིམ་ནས་ནམ་ཡང་ང་ལ་ལག་སྒོར་མི་སྟེར་པས་ཡིན། སྒོར་མོ་སྤྱོད་དགོས་ཚེ་ངས་ཕ་མར་སློང་དགོས་ཀྱི་ཡོད་མོད། ཁོ་ཚོས་རྒྱུན་པར་ང་ལ་སྒོར་མོ་མཁོ་བའི་རེ་བ་ལུགས་མཐུན་མིན་པར་ཐག་བཅད་འགྲོ།”

    “དཔེར་ན། ངས་རྩེད་ཆས་ཉོ་འདོད་ཚེ། ཨ་མས་ངའི་སློབ་སྦྱོང་ལ་ངན་ཤུགས་ཐེབས་འགྲོ་ཟེར། ངས་དཔེ་དེབ་ཉོ་འདོད་ཚེ། ཨ་ཕས་དཔེ་ཁང་དུ་སོང་ནས་གཡར་ཆོག་གི་རེད་ཟེར། ང་ལ་སྒོར་མོ་མཁོ་བའི་རེ་བ་ཐམས་ཅད་འདི་ལྟར་རྨེག་མེད་དུ་བཟོས་པ་ནས། ངས་ཀྱང་སྒོར་མོ་བརྐུ་བའི་དྲན་ཚུལ་ཞིག་ཡིད་ལ་ཤར་བྱུང་།”

    བྱིས་པ་མང་པོར་སྒོར་མོ་བརྐུ་བའི་གོམས་གཤིས་ཆགས་པ་ནི་གཏན་ཆགས་ཀྱི་ལག་སྒོར་ཡོང་ཁུངས་མེད་པས་རེད། དེ་བས་ང་ཚོ་ཕ་མ་རྣམས་ཀྱིས་བྱིས་པ་ཚོར་ལག་སྒོར་ཅུང་ཙམ་སྟེར་བ་ནི་སྒོར་མོའི་སློབ་གསོའི་གོ་རིམ་གལ་ཆེན་ཞིག་ཡིན་ལ། བྱིས་པར་གཏན་ཆགས་ཀྱི་ལག་སྒོར་ཡོང་ཁུངས་ཡོད་ཚེ་དགེ་མཚན་ཆེན་པོ་གསུམ་ཡོད་དེ། གཅིག །བྱིས་པར་ཁེར་ཚུགས་ཀྱི་འདུ་ཤེས་སྐྱེ་རུ་འཇུག་པ། གཉིས། བྱིས་པར་འཆར་ལྡན་གྱི་འཛད་སྤྱོད་བྱེད་དུ་འཇུག་པ། གསུམ། བྱིས་པར་གྲོན་ཆུང་གི་གོམས་གཤིས་སྐྱེད་སྲིང་བྱེད་པ།

དགུ།

    སྒོར་མོའི་སློབ་གསོའི་གོམ་པ་དྲུག་པ། བྱིས་པར་སྒོར་མོ་བགོ་ཤེས་སུ་འཇུག་པ།

    བྱིས་པར་གཏན་ཆགས་ཀྱི་ལག་སྒོར་ཙག་ཙིག་རེ་བྱིན་ནས་སྒོར་མོ་འོས་འཚམ་གྱིས་སྤྱོད་པ་བསླབས་ཏེ། འཛད་སྤྱོད་འོས་འཚམ་དང་རྒྱུ་དངུལ་དོ་དམ་གྱི་ཕྱོགས་ནས་བྱིས་པར་སྣེ་ཁྲིད་བྱེ་རྒྱུ་ཧ་ཅང་གལ་ཆེན་པོ་རེད།  དེ་མིན་གང་འདོད་ཀྱིས་བྱིས་པར་མཐོང་ཆུང་བྱེད་པའམ་བསྟོད་བསྔགས་བྱེད་པ་སོགས་བྱས་ཏེ། རང་གི་བུ་ཕྲུག་བྱིས་པ་ཀུན་གྱི་མཆོག་ཡིན་པར་བསྡད་འདུག་པ་ནོར་འཁྲུལ་ཆེན་པོ་རེད་ལ། བྱིས་པའི་མདུན་ལམ་དང་སེམས་ཁམས་བརླག་པའི་རྒྱུའང་རེད་དོ།།

    དཔེར་ན། ངས་རྒྱུན་པར་རང་ལ་བཀའ་དྲིན་ཆེ་བའི་དགེ་རྒན་ཞིག་ལ་འབྲེལ་འདྲིས་བྱས་ཤིང་། ཁོམ་དུས་སུ་ཁོང་ཚང་ལ་སོང་ནས་ཁ་བརྡ་གློད་པ་ཡིན། རྒན་ལགས་ཀྱིས་ལོ་བརྒྱད་ཀྱི་རང་གི་བུ་མོ་གངས་རི་ལྷ་མོ་ལ་གཟའ་འཁོར་རེར་ལག་དངུལ་སྒོར་སུམ་ཅུ་སྟེར་གྱིན་པ་འདི་ལྟར་སྤྱད་འདུག །མགོ་མའི་སྒོར་བཅུ་ཡིས་རྩེད་ཆས་དང་ཞོར་ཟས་གང་ཉོས་ཀྱང་རང་གི་འདོད་མོས་ལྟར་སྤྱད་ཆོག་མོད། བརྒྱ་ལ་རིན་གོང་དེ་ལས་མཐོ་བ་ཞིག་ཉོ་འདོད་ཚེ། ད་ཐེངས་མ་ཉོས་པར་ཟླ་འགའ་ལ་སྒོར་མོ་གསོག་པའི་སེམས་ཀྱི་གྲ་སྒྲིག་དགོས་སོ།། འདི་ནི་གཅིག་ནས་བྱིས་པའི་རང་ཚུགས་ཀྱི་འདུ་ཤེས་སྐྱེད་སྲིང་བྱེད་པ་དང་། གཉིས་ནས་བྱིས་པས་འཚོ་བ་ལོངས་སུ་སྤྱོད་ཤེས་པ། གསུམ་ནས་བྱིས་པས་ངང་སྒུག་གི་སེམས་ཁམས་ལ་སྦྱོང་བརྡར་བྱེད་པའི་ཆེད་དུའོ།།

    བར་མའི་སྒོར་བཅུ་རང་གི་དངུལ་བྱང་དུ་འཇོག་པའམ་ཕ་མར་བཅོལ་ནས་གསོག་དངུལ་བྱེད་པའམ་མ་རྩ་གཏོང་བ། གསལ་བོར་བཤད་ན་གནད་འགག་གི་སྐབས་སུ་སྤྱོད་དགོས་ཏེ། ནམ་ཞིག་རང་ལ་ནད་བྱུང་བའམ་ཕ་མ་གཉིས་ལས་གཅིག་གཤགས་བཅོས་བྱེད་པ། རང་གི་ལས་ཀ་ཤོར་བ་སོགས་ཀྱི་དཀའ་ངལ་ཡོད་ཚད་སྒོར་མོ་འདི་ལ་བརྟེན་དགོས་པ་དང་། འདི་ནི་བྱིས་པའི་ཉེན་ཚབས་ཀྱི་འདུ་ཤེས་སྐྱེད་སྲིང་བྱེད་པའི་ཆེད་དུའོ།།

    མཐའ་མའི་སྒོར་བཅུ་དགེ་བའི་ཕྱོགས་སུ་སྤྱོད་དུ་བཅུག་པ་ཡིན། དགེ་བ་ཟེར་བ་ནི་སློང་མོ་མཁན་ལ་སྦྱིན་པ་གཏོང་བའམ་ཉམས་ཆུང་བ་ལ་རོགས་རམ་བྱེད་པ། སློབ་གྲོགས་ལ་ལེགས་སྐྱེས་ཉོ་བ་སོགས་མདོར་ན་རང་མ་ཡིན་པའི་གཞན་པའི་ཕྱོགས་སུ་སྟེར་དུ་བཅུག་པ་ཡིན། དེ་ནི་དགེ་བའི་ལས་སྒྲུབ་ན་སེམས་སུ་བདེ་སྐྱིད་འབྱུང་བ་དང་གཞན་པ་ལའང་ཕན་ཐོག་དང་དགའ་སྤྲོ་ཡོད་པའི་འཚོ་བ་དེ་བྱིས་པར་ཤེས་སུ་འཇུག་པའི་ཆེད་དུ་ཡིན་ལ། མ་ཟད། ང་ཚོའི་རོགས་རམ་མཁོ་བའི་སེམས་ཅན་མང་པོ་ཡོད་པ་དང་སྒོར་མོ་གྲོན་ཆུང་བྱས་ན་གཞན་ལ་ཕན་འདོག་ཐུབ་པའི་གནས་ལུགས་དེ་བྱིར་པར་ཤེས་སུ་འཇུག་པའོ།།

བཅུ།

    སྒོར་མོའི་སློབ་གསོའི་གོམ་པ་བདུན་པ། བྱིས་པར་སྒོར་མོ་བཙལ་བའི་གོ་སྐབས་སྐྲུན་པ།

    གཅེས་མ་ཤེས་གཅེས་ཕྲུག་གཅེར་བུར་ཕུད་ཅེས་པ་ལྟར། བྱིས་པར་ལག་སྒོར་སྟེར་བ་ལ་ནོར་འཁྲུལ་ཆེན་པོ་གཉིས་ཡོད་དེ། གཅིག་ནི་རྒྱུ་ཤུགས་ཀྱིས་གཉོར་སྐྱོང་བྱས་ཏེ་ནར་སོན་པའི་བྱིས་པ་ཡིན། བྱིས་པ་འདི་ཚོར་བག་མེད་ལོངས་སུ་སྤྱོད་པའི་གོམས་གཤིས་ཆགས་སླ་བ་དང་། མིག་མཐོང་ལག་ཟིན་གྱི་དཔེར་བརྗོད་ཅིག་ཡོད་པ་ནི་ཨ་ཕའི་དངུལ་བྱང་བརྐུས་པའི་བུ་མོ་དེའོ།། ཅིག་ཤོས་ནི་དགོས་མེད་ཀྱི་སྐུལ་མ་གཏོང་བ་ཡིན། “ཁྱིམ་ལ་གཙང་སྦྲ་བྱས་ཚེ་སྒོར་བཅུ་ཡི་དགའ་རྟགས་དང་། མཐའ་རྒྱུགས་ཀྱི་སྐར་གྲངས་བཟང་ན་སྒོར་སྟོང་གཅིག་གི་དགའ་རྟགས་ཡོད་པ།”སོགས་འདི་ལྟ་བུ་དགོས་མེད་ཀྱི་སྐུལ་མ་ཡིས་བྱིས་པར་ངན་ཤུགས་ཆེན་པོ་ཞིག་ཆགས་འགྲོ་བ་ནི། འབྲེལ་བ་ཐམས་ཅད་སྒོར་མོའི་འབྲེལ་བར་བལྟ་བ་དང་། སྒོར་མོས་གྲོགས་པོ་ཉོ་བ། སྒོར་མོས་ལས་རྐང་ཉོ་བ། སྒོར་མོས་བརྩེ་དུངས་ཉོ་བ་སོགས་བྱ་བ་ཅི་སྒྲུབ་ཀྱང་སྒོར་མོ་གཙོ་བོར་བཟུང་ནས་སྒོར་མོ་ནི་བཟང་ངན་གྱི་ཚད་ཤིང་དང་བླང་དོར་གྱི་མཚམས་ཐིག་ལྟ་བུར་ངོས་འཛིན་པ་ཡིན།

    དེས་ན་ཅི་བྱས་ནས་བྱིས་པར་སྒོར་མོ་བཙལ་བའི་གོ་སྐབས་སྐྲུན་དགོས་ཞེ་ན། ངས་བསམ་ན་བཀོད་སྒྲིག་འོས་འཚམ་ཞིག་བྱས་ནས། བྱིས་པའི་ངལ་རྩོལ་རིགས་གསུམ་དུ་བགོ་བ་དང་། རིགས་དང་པོ། རང་གི་དོན་དག་སྟེ། ལས་བྱ་འབྲི་བ་དང་བསྐྱར་སྦྱོང་བྱེད་པ། སྔོན་སྦྱོང་བྱེད་པ་དང་རྩེད་ཆས་ལ་བདག་བྱེད་པ་སོགས་རང་གི་དོན་དག་ཡིན་པས་ན་དགའ་རྟགས་སྟེར་མི་སྲིད།

    རིགས་གཉིས་པ། བརྩེ་བའི་བྱ་བ་སྟེ། དཀར་ཡོལ་བཀྲུ་བ་དང་ཁྱིམ་ལ་གཙང་སྦྲ་བྱེད་པ་སོགས་ལའང་དགའ་རྟགས་སྟེར་མི་དགོས་ཏེ། འདི་ནི་ཁྱོད་རང་ཞུགས་དགོས་པའི་ངལ་རྩོལ་གྱི་བྱ་བ་ཞིག་ཡིན།

    རིགས་གསུམ་པ། གླ་སྒོར་ཡོད་པའི་བྱ་བ་སྟེ། འགྱིག་དམ་འཐུ་བ་དང་རྩྭ་འབྲེག་པ། ཚགས་པར་བཙོང་བ་དང་གཞན་ཕན་གྱི་ལས་ཀ་བྱེད་པ་སོགས་ལ་དགའ་རྟགས་སྟེར་དགོས་ཏེ། སྒེར་ཕན་གྱི་བྱ་བ་ལ་དགའ་རྟགས་མེད་དོ།།

    ངལ་རྩོལ་རིགས་གསུམ་དུ་བགར་དགོས་དོན་ནི། རང་དོན་རང་གིས་འགན་འཁུར་བ། བརྩེ་བའི་ཆེད་དུ་རང་ནུས་འདོན་པ། ངལ་རྩོལ་བྱས་ན་གཟི་བརྗིད་ལྡན་པ་སོགས་ཀྱི་གནས་ལུགས་རེ་འགའ་རྟོགས་པའི་ཆེད་དུའོ།།

བཅུ་གཅིག

    སྒོར་མོའི་སློབ་གསོའི་གོམ་པ་བརྒྱད་པ། སྒོར་མོ་ནི་ཡོད་ཚད་མིན་པ་བྱིས་པས་ཤེས་དགོས།

    སྤྱིར་ན་ང་ཚོར་སྐྱེ་བ་སྔ་ཕྱིའི་རིག་གནས་ཕུན་སུམ་ཚོགས་པ་ཞིག་ཡོད་མོད་ཀྱང་། དེའི་དགེ་མཚན་དང་ཡོན་ཏན་མ་རྟོགས་ཚེ། རིག་གནས་དེའང་དགོས་མེད་ཀྱི་གནས་སུ་ལྷག་ཡོད་མོད། བརྒྱ་ལ་རིག་གནས་གང་ཡིན་ཡང་དེའི་རིན་ཐང་ཤེས་པ་ཡིན་ན། མི་ཡིས་ཆོས་ལུགས་བེད་སྤྱད་ན།། ལྷ་ཡུལ་བགྲོད་པ་ཐག་མི་རིང་ན་ནིང་ཞེས་པ་ལྟར་དེའི་ནུས་པ་དང་རིན་ཐང་ནི་བློ་ཡུལ་ལས་འགོངས་པ་ཞིག་ཡིན་ནོ།། ཁོམ་སྐབས་ཤིག་སྤྱད་ནས་དགེ་རྒན་གངས་རི་ལ་ཁ་བརྡ་བྱས་པ་ཡིན། དེའི་ཕྱོགས་སུ་ཁོས་ལས་ཀ་ཡག་པོ་སྒྲུབ་འདུག །ཁོའི་ཨ་ཕ་སྨན་ཁང་དུ་བསྡད་པ་ནས་ཚེ་འདས་པའི་བར་དུ་ཁོས་རང་གི་བུ་དཔལ་འབར་ཁྲིད་ནས་ཐེངས་མང་པོར་སོང་བ་དང་། ཁོའི་ཨ་མ་སྨན་ཁང་དུ་བསྡད་དུས་ཀྱང་རང་གི་བུ་དཔལ་འབར་ཁྲིད་ནས་ཐེངས་མང་པོར་སོང་། དེ་ལྟར་འགྲོ་བ་ལ་དམིགས་ཡུལ་གཉིས་ཡོད་དེ། གཅིག་ནི་བརྩེ་བ་བརྗོད་པའི་ཆེད་དུ་ཡིན་ལ། ཅིག་ཤོས་ནི་སྒོར་མོ་ནི་ཡོད་ཚད་མིན་པ་ཤེས་སུ་འཇུག་པའི་ཆེད་དུའོ།། སྨན་ཁང་དུ་ཕྱིར་ཡོང་ཐེངས་རེར་ཁོས་དཀར་བོ་ཆོས་ལ་ནན་ཏན་གྱི་ཚུལ་གྱིས་བུ་དཔལ་འབར་ལ་བཤད་པའི་དོན་དག་གཅིག་ནི། སྒོར་མོ་ལས་བདེ་ཐང་གཙོ་ལ། བདེ་ཐང་གི་ལུས་པོ་མེད་ཚེ། རྒྱུ་མི་རྟག་རྩྭ་མགོའི་བསིལ་བ་འདྲ་ཞེས་པ་བཞིན་སྒོར་མོ་ཅི་འདྲ་མང་ཡང་སྙིང་བོ་མེད་པའི་གཞི་ཡིན་ནོ།།

    མ་ཟད། དགེ་རྒན་ཁོང་གིས་ཐབས་ཤེས་ཅི་རིགས་ཀྱི་སྒོ་ནས་གནས་ལུགས་སྣ་མང་སྤྲོད་བཞིན་ཡོད། དཔེར་ན། འཚོ་བའི་ཁྲོད་དུ་སྒོར་མོ་གལ་ཆེན་པོ་ཡོད་ནའང་། གྲོགས་པོའི་བརྩེ་བ་དང་མཛའ་མོའི་དུང་བ་ཉོ་ཐུབ་ཀྱིན་མེད། གཞོན་པའི་ལུས་པོ་དང་མི་ཡི་ཚེ་ཚད་ཉོ་ཐུབ་ཀྱིན་མེད་པས་ན། སེམས་ཀྱི་དྲན་ཚུལ་མཐའ་དག་སྒོར་མོར་བརྟེན་ནས་ཉོ་འདོད་པ་ནོར་འཁྲུལ་ཆེན་པོ་ཞིག་ཡིན།

    ཐེངས་ཤིག་གྲོགས་པོས་ང་ལ། “ཁྱོད་ཀྱིས་དུས་རྒྱུན་དུ་སྒོར་མོའི་ཚད་བཀག་བརྗོད་དོན་ཅི་ཡིན།”ཟེར། སྐབས་དེར་ངས་སྐད་ཆ་ཅི་ཡང་མ་བཤད། ངའི་སེམས་ཀྱི་དྲན་སྟངས་ངོ་མ་ནི་འདི་ལྟར། སྤྱིར་བཏང་འཚོ་བའི་ཁྲོད་དུ་སྒོར་མོ་ལ་དགེ་མཚན་མང་པོ་ཡོད་པ་རེད། དེར་བརྟེན་དོན་བཟང་ཡང་མང་པོ་འགྲུབ་ཀྱིན་པ་རེད། འོན་ཏེ། བྱ་བ་ཡོད་ཚད་ཀྱི་མཚམས་ཐིག་ལ་སྒོར་མོ་བཟུང་ཚེ། སྒོར་མོའི་བྲན་དུ་གྱུར་ནས་སྒོར་མོས་ཚོད་འཛིན་བྱེད་དོ།།

    ཕྱུག་པོ་མིནད་ཀྱང་ཁྱིམ་གྱི་བདེ་སྐྱིད་དང་སྤྲོ་སྣང་ཡོད་ལ། ཕྱུག་པོ་མིནད་ཀྱང་བཟའ་བའི་བརྩེ་འདང་དང་དྲོད་ཁོལ་སྔར་བཞིན་ཡོད་ངེས་ཡིན།

བསྐྱར་བཅོས།: ༢༠༡༨/༠༦/༢༤

Leave a Reply

One thought on “བྱིས་སློབ་ཁྲོད་ཀྱི་སྒོར་མོའི་སློབ་གསོའི་སྐོར་གླེང་བ།