རྒྱལ་སྤྱིའི་མནར་གཅོད་འགོག་རྒོལ་ཉིན་མོ་ཐེངས་ ༣༤ པ་སྲུང་གཙི་བྱས། 

རྒྱལ་སྤྱིའི་མནར་གཅོད་འགོག་རྒོལ་ཉིན་མོར་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པས་གཞིས་ལུས་བོད་མིས་མྱོང་བཞིན་པའི་མནར་གཅོད་ཀྱི་ལོ་ཟླ་མཇུག་བསྒྲིལ་ནས་རང་དབང་བདེ་སྐྱིད་ལྡན་པའི་དུས་བཟང་ཞིག་མགྱོགས་མྱུར་འཆར་བའི་སྨོན་འདུན་ཞུ་ཡི་ཡོད་སྐོར་བརྗོད་སོང་།དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ ཡས་མས་ཤིག་ལ་དྷ་སྟེང་བོད་ཁྱིམ་སློབ་གྲྭའི་ཚོགས་ཁང་གསར་པའི་ནང་། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་གོ་སྒྲིག་འོག རྒྱལ་སྤྱིའི་མནར་གཅོད་འགོག་རྒོལ་ཉིན་མོ་ཐེངས་ ༣༤ པ་སྲུང་གཙི་བྱས་སོང་བ་དང་། ཐོག་མར་ངྷ་སྟེང་བོད་ཁྱིམ་སློབ་གྲྭའི་འཛིན་རིམ་ ༧ པའི་སློབ་ཕྲུག་ ༡༣༠ ལྷག་ནས་བོད་ནང་བོད་མི་ཚོས་རྒྱ་ནག་གི་དབང་སྒྱུར་འོག་མྱོང་བཞིན་པའི་མནར་གཅོད་སྐོར་ལ་སོ་སོའི་འཆར་སྣང་གི་རི་མོ་རེ་འབྲི་རུ་བཅུག་རྗེས། རྒྱལ་སྤྱི་བའི་མཆོད་སྦྱིན་ཞེས་པའི་བོད་མི་ཞིག་ཕྱིར་བོད་ནང་ལོགས་ཏེ། བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་ཐབས་བྱེད་སྐབས་ལམ་ལྷུང་མ་བྱུང་བར་ལྷ་ས་ནས་འཛིན་བཟུང་བྱས་པ་དང་། རྒྱ་ནག་གི་བཙོན་ཁང་དུ་ཁོས་མནར་གཅོད་ཇི་ཙམ་མྱངས་ཡོད་པའི་གློག་བརྙན་ཞིག་བསྟན་སོང་། དེ་ནས་སློབ་ཕྲུག་ཚོ་ཚན་པ་བཞིར་བགོས་ཏེ་གློག་བརྙན་བལྟས་སྐབས་ཀྱི་མྱོང་ཚོར་སྐོར་ལ་བགྲོ་གླེང་སོགས་གནང་སོང་།

བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཞོན་ཟླ་བ་བཀྲ་ཤིས་ལགས་ཀྱིས། དེ་རིང་ནི་རྒྱལ་སྤྱི་རིང་བཞིན་ལྡན་པའི་མནར་གཅོད་འགོག་རྒོལ་ཉིན་མོ་ཞིག་ཡིན་པས། ང་ཚོ་ཙམ་མ་ཟད་འཛམ་གླིང་རྒྱལ་ཁབ་དང་ས་གནས་ཁག་མང་པོའི་ནང་དུས་དྲན་འདི་སྲུང་གཙི་ཞུ་ཡི་ཡོད་པ་རེད། བོད་ནང་ཚད་གཞི་འདྲ་མིན་གྱི་ཐོག་ནས་མི་སྒེར་སོ་སོས་མནར་གཅོད་མྱངས་ཡོད་པ་རེད་ལ། ད་ལྟའི་ཆར་ལའང་རྒྱ་ནག་གིས་བོད་ནང་འཛིན་གྱིན་པའི་སྲིད་བྱུས་དང་ཕྱོགས་ཡོངས་ནས་བལྟས་པ་ཡིན་ན། བོད་ནང་མི་མང་པོ་ཞིག་གིས་མནར་གཅོད་མྱངས་དང་མྱོང་བཞིན་པ་རེད། དེར་བརྟེན། ད་རེས་ང་ཚོ་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ངོས་ནས་འཛམ་གླིང་ནང་མནར་གཅོད་མྱོང་མཁན་སྤྱི་དང་། ལྷག་པར་དུ་བོད་ནང་མནར་གཅོད་མཚམས་འཇོག་ཡོང་ཐབས་སུ་དུས་དྲན་འདི་སྲུང་གཙིཞུ་ཡི་ཡོད། ཅེས་དང་། རྒྱལ་སྤྱིའི་སྟེང་གི་མནར་གཅོད་འོག་གནས་ཡོད་པ་སྤྱི་དང་བྲེ་བྲག་ཏུ་རྒྱའི་མནར་གཅོད་འོག་གནས་པའི་བོད་མི་ཡོངས་ཀྱི་མནར་གཅོད་ཀྱི་དཀའ་སྡུག་མགྱོགས་མྱུར་སེལ་ཏེ་འཛམ་གླིང་ལ་རེ་བ་གསར་པ་ཞིག་ཡོད་དགོས་སྐོར་བརྗོད་སོང་།

ལས་འགུལ་ནང་སློབ་ཕྲུག་ཚོ་མཉམ་ཞུགས་བྱེད་དུ་བཅུག་པའི་དགོས་དམིགས་སྐོར་ལ་ཁོང་གིས། སྤྱིར་བཏང་ལས་འགུལ་ནང་དྷ་སྟེང་བོད་ཁྱིམ་གྱི་འཛིན་རིམ་ ༧ པ་དང་ ༨། དེ་བཞིན་ ༩ བཅས་ཀྱི་སློབ་ཕྲུག་ཚོ་མཉམ་ཞུགས་བྱེད་པའི་རེ་བ་བརྒྱབས་ཡོད་ཀྱང་། སློབ་གྲྭའི་ནང་ཡིག་རྒྱུགས་གཏོང་ལ་ཉེ་བར་འཁེལ་བ་སོགས་ཀྱི་རྐྱེན་ལས་འཛིན་རིམ་བདུན་པའི་སློབ་ཕྲུག་ ༡༣༠ ལྷག་ཞིག་མཉམ་ཞུགས་བྱེད་ཐུབ་པ་བྱུང་ཡོད་ལ། ང་ཚོས་དམིགས་བསལ་གྱིས་དུས་དྲན་སྲུང་གཙི་བྱེད་ཡུལ་སློབ་གྲྭ་དང་སློབ་ཕྲུག་ཚོ་དམིགས་དགོས་དོན་ནི། སློབ་ཕྲུག་ཚོ་ན་ཚོད་འཚར་ལོངས་བྱུང་བཞིན་པའི་སྒང་རེད། ང་ཚོ་བོད་མི་རིགས་དང་འཛམ་གླིང་ལ་ཆ་མཚོན་ནའང་མ་འོངས་པའི་དུས་རབས་ཀྱི་བདག་པོ་ན་གཞོན་སློབ་ཕྲུག་ཚོ་ཆགས་ཀྱི་ཡོད་དུས། ཁོ་ཚོའི་བསམ་བློའི་ནང་ཤུགས་རྐྱེན་དང་བག་ཆགས་བཟང་པོ་ཞིག་ཐོབ་ཆེད་སློབ་ཕྲུག་ཚོར་ཉིན་མོ་འདི་ངོ་སྤྲོད་དང་མནར་གཅོད་སྔོན་འགོག་སྐོར་ལ་གོ་རྟོགས་སྤེལ་བ་ཡིན། ཞེས་བརྗོད་བྱུང་།

མཇུག་ཏུ། སློབ་ཕྲུག་ཚོས་བྲིས་པའི་མནར་གཅོད་སྐོར་གྱི་འཆར་སྣང་གི་རི་མོ་རྣམས་ཕྱོགས་གཅིག་ཏུ་ཚེམས་སྒྲིག་བྱས་ཏེ་འགྲེམས་སྟོན་བྱས་སོང་། གསར་འགོད་པས་འཛིན་རིམ་ ༧ པདྨའི་སློབ་ཕྲུག་བསྟན་འཛིན་ཆོས་དབྱིངས་ཚེ་རིང་ལགས་སུ་ཁོ་རང་གིས་བྲིས་པའི་རི་མོའི་མཚོན་དོན་ཅི་ཡིན་དྲིས་སྐབས་ཁོས། བོད་ནང་རྒྱ་མིས་བོད་མི་ཚོར་བརྙས་བཅོས་མང་པོ་བྱེད་ཀྱི་ཡོད་པ་རེད། ང་རང་གི་རི་མོའི་ནང་ལག་པ་གཉིས་འཇུ་རེས་བྱེད་ཀྱིན་ཡོད་པ་དེས། ང་ཚོས་རྒྱ་ནག་དང་ལྷན་དུ་དམག་འཁྲུག་བརྒྱབ་ནས་ལག་འཁེལ་གྱི་མེད། དེར་བརྟེན་ང་ཚོས་རྒྱ་མིའི་དཔོན་པོ་དང་ལྷན་དུ་སྐད་ཆ་བཤད་དེ་བོད་མི་ཚོར་མནར་གཅོད་མི་གཏོང་བ་མཚོན་གྱི་ཡོད། ཅེས་བརྗོད་བྱུང་།

བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་བསྒྲགས་གཏམ་ནང་། ད་ལྟའི་བོད་ནང་གི་གནས་སྟངས་ལ་ཆ་མཚོན་ན། བོད་མདོ་དབུས་ཁམས་གསུམ་གྱི་ས་གནས་གང་སར་རྒྱ་ནག་གཞུང་གིས་དམག་མི་དང་ཉེན་རྟོག་པ་བཀྲམ་ནས་བོད་མིའི་འགྲོ་སྡོད་སྤྱོད་གསུམ་ལ་སོ་བལྟ་བྱེད་བཞིན་ཡོད་པ་མ་ཟད། གྲོང་ཁྱེར་དང་གྲོང་བརྡལ་གྱི་སྲང་ལམ་དང་ཁྲོམ་གཞུང་གང་སར་གསང་བའི་པར་ཆས་བཙུགས་ནས་སོ་བལྟ་བྱེད་ཀྱི་ཡོད། གནས་སྟངས་འདི་དག་མཐོང་སྐབས་ད་ལྟའི་བོད་ནང་གི་གནས་སྟངས་དེ་ཇི་ལྟ་བུའི་ཛ་དྲག་ཅིག་ཡིན་པ་རང་བཞིན་གྱིས་ཤེས་རྟོགས་ཐུབ་ཀྱི་རེད་ལ། བོད་ཀྱི་རིས་མེད་དགོན་སྡེ་ཁག་དང་གཞི་རིམ་གྲོང་གསེབ་ཁག་གི་ནང་རྒྱ་གཞུང་གིས་ལས་དོན་ཚོགས་ཆུང་ཟེར་བ་མངགས་གཏོང་བྱས་ཏེ། ཆབ་སྲིད་ཀྱི་སློབ་གསོ་དྲིལ་བསྒྲགས་དང་བཙན་གནོན་གྱི་ལས་འགུལ་ཁག་སྔར་བས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད། གལ་ཏེ་བོད་མི་ཚོས་རྒྱ་གཞུང་གི་ལས་འགུལ་དེ་དག་ལ་མཉམ་ཞུགས་མ་བྱས་པའམ་ཡང་རྣམ་འགྱུར་ཡག་པོ་མ་བསྟན་པ་ཙམ་གྱིས་ཀྱང་འཇུ་བཟུང་བཙོན་འཇུག་བྱེད་ཀྱི་ཡོད་པ་དེ་ཡོངས་གྲགས་ཀྱི་གནས་ཚུལ་ཞིག་ཆགས་ཡོད། དེར་བརྟེན། འདི་ག་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ངོས་ནས་ དེ་རིང་གི་ཉིན་མོ་འདི་སྲུང་གཙི་ཞུ་རྒྱུ་དེ་ནི་གལ་གནད་ཅན་གྱི་ལས་འགུལ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་མ་ཟད། རྒྱ་གཞུང་གི་བཙན་གནོན་དང་གདུག་རྩུབ་འོག འདས་གྲོངས་སོང་ཟིན་པ་དང་། ད་ལྟ་བཙོན་ཁང་དུ་ཡོད་པ་རྣམས་མགྱོགས་ནས་མྱུར་དུ་མུན་ནག་གི་བཙོན་ཁང་ནས་ཕྱིར་ཐོན་ཏེ་རང་དབང་གི་མཁའ་དབུགས་རྔུབ་ལེན་ཐུབ་པའི་རེ་སྨོན་བྱེད་བཞིན་ཡོད། བོད་ནང་བྱུང་དང་འབྱུང་བཞིན་པའི་བཙན་གནོན་གྱི་གོད་ཆག་དེ་དག་གི་རྐྱེན་པས་བོད་མིའི་ལུས་སྲོག་ཙམ་མ་ཟད། བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་ལའང་ཉམས་ཆག་ཤུགས་ཆེན་བྱུང་ཡོད་པར་བརྟེན། བོད་མི་མང་པོ་ཞིག་གིས་སེམས་ཀྱིས་མ་བཟོད་པར་སོ་སོའི་ཆོས་དང་རིག་གཞུང་། སྐད་ཡིག་སྲུང་སྐྱོབ་སོགས་ཀྱི་དོན་དུ་ལས་འགུལ་རབ་དང་རིམ་པ་ཞིག་སྤེལ་བཞིན་ཡོད་པ་དེ་ནི། ང་ཚོས་བསྔགས་བརྗོད་བྱེད་དགོས་པ་ཞིག་ཡིན། ཡིན་ནའང་། རྒྱ་ནག་གཞུང་གིས་ཁོ་ཚོའི་ལས་འགུལ་དེ་དག་ཡང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་སྐྱོན་གཏོང་བའི་ཆབ་སྲིད་ཀྱི་ལས་འགུལ་ཡིན་པའི་མ་ཉེས་སྐྱོན་འཛུགས་བྱས་ཏེ། འཇུ་བཟུང་དང་ཐ་ན་ཚད་གཞི་འདྲ་མིན་གྱི་ལོ་ཚད་བཟོས་ཏེ་བཙོན་འཇུག་བྱས་པ་ཡང་ཧ་ཅང་མང་པོ་ཡོད། ཅེས་བརྗོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༨/༠༦/༢༦

Leave a Reply